གནས་སྡོད་དང་གཏན་སྡོད་ཀྱི་ཁ་མཆུ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༥ རེས་གཟའ་ལྷག་པའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཁ་མཆུ་ཨང་ ༢༣ པའི་གྱོད་ཡ་ཕྱོགས་གཉིས་ལ་ཐོག་མའི་ཉན་ཞིབ་གནང་སོང་ལ། ད་རེས་ཀྱི་ཉན་ཞིབ་གནང་བའི་ཁ་མཆུ་ཨང་ ༢༣ པའི་གནད་དོན་ཐད། ཁེ་ན་ཊའི་མི་སེར་ཡིན་ཞིང་རྒྱ་གར་གྱི་ OCI ལག་འཁྱེར་ཐོག་རྒྱ་གར་ནང་གནས་སྡོད་གནང་མཁན་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་སྤྱི་འཐུས་འོས་མིར་བཞེངས་པར། དབུས་འོས་བསྡུ་ལས་ཁང་གིས་ཁོང་རྒྱ་བལ་འབྲུག་གསུམ་དུ་གཏན་སྡོད་ གནང་མཁན་ཡིན་པར་ངོས་བཞེས་མི་ཐུབ་སྟབས། རྒྱ་བལ་འབྲུག་གསུམ་ནས་སྤྱི་འཐུས་ཀྱི་འདམས་བྱའི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་གནད་དོན་ཞིག་ཡིན་པ་རེད་འདུག
གྱོད་གཞི་འདིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་གི་གནས་སྡོད་དང་གཏན་སྡོད་གཉིས་ཀྱི་ཁྲིམས་དོན་ལ་གསལ་ཁ་མེད་པའི་གནས་སྟངས་ཞིག་ཆགས་འདུག་ལ། འདིས་མ་འོངས་པར་ཕྱི་རྒྱལ་མི་སེར་ཐོབ་ཟིན་པའི་བོད་མི་ཚོས་སྤྱི་འཐུས་སུ་འོས་བཞེངས་བྱེད་ཆོག་མིན། དེ་བཞིན་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དགོས་མིན་བཅས་ཀྱི་ཐད་ལའང་ཤུགས་རྐྱེན་ངེས་ཅན་ཞིག་འགྲོ་བའི་གནད་དོན་ཞིག་ཆགས་ཡོད་པ་རེད། །





