གནམ་ལོ་ཡག་གིས་བརྩམས། རང་གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར།
སྔོན་གླེང་། ཞི་འཐབ་ཅིག་གིས་བཤུས་པའི་ཕྱི་ལོགས་ཀྱི་ཤ་ཚའི་གདོང་རས།སྨྱུག་ཐོགས་པར་ཉེ་བའི་དུས་སུ་ཕྱི་ལོགས་ཀྱི་སྤྱི་ཚོགས་དྲྭ་ལམ་(དཔེར་ན་Xའཕྲིན་སྟེགས་དང་YouTubeལྟ་བུ་སོགས།)དུ་རྒྱུག་བཞིན་པའི་པའོ་ཁྱིམ་རྒྱུད་[ii](པའོ་ཀྭ་ཀྭ་ཡིས་མཚོན་པ།)དང་དམར་པོའི་ཁྱིམ་རྒྱུད་ཀྱི་ཚབ་བྱེད་མི་སྣ་(ཧྲིན་ཏོང་ལྟ་བུའི་དཔྱད་གླེང་བ་སོགས།)དབར་གྱི་དྲྭ་ལམ་ཞི་འཐབ་ལ་ཐག་ཉེ་ས་ནས་བལྟ་བའི་གོ་སྐབས་བྱུང་། རྩོད་གླེང་འདིས་མཐོང་སྣེ་གལ་ཆེན་ཞིག་མཁོ་འདོན་བྱས་ཏེ། ཚང་མ་ལ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཆེད་གཉེར་བ་ཕལ་མོ་ཆེས་དོན་དུ་ཅི་ཞིག་ལ་མནོ་བསམ་བྱེད་བཞིན་ཡོད་མེད་དང་། ཅི་ཞིག་འཚོལ་སྙེག་བྱེད་བཞིན་ཡོད་མེད་ལ་བལྟ་བའི་སྒོ་འཕར་ཕྱེ་ཡོད།
རྩོད་གླེང་འདིའི་ནང་། པའོ་ཁྱིམ་རྒྱུད་ཀྱིས་རང་ལུགས་བཟུང་བའི་མོད་ལ་“པའོ་དང་ཞི་ཁྱིམ་རྒྱུད་གཉིས་པོར་འགལ་བ་ཡོད་མྱོང་མེད་པ་”ནན་བརྗོད་བྱས་ཤིང་། ཕ་རོལ་པོས་ཐད་ཀར་དེ་ལས་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་རིགས་པ་ཞིག་བཏོན་པ་སྟེ། “ཆབ་སྲིད་ལ་མི་སྒེར་གྱི་ཤ་འཁོན་མི་དགོས་པ་དང་། པའོ་ཁྱིམ་རྒྱུད་ཕམ་པར་བྱེད་པ་ནི་ཆེས་མཐོའི་ཆབ་སྲིད་བདག་དབང་ལ་སྟངས་འཛིན་བྱ་ཆེད་”ཡིན་པར་བསྒྲགས། ཡིན་ནའང་། ཕྱོགས་གཉིས་པོས་ཕན་ཚུན་ལ་ཇི་ལྟར་གཙེས་ཀྱང་། འཛིང་རེས་འདིས་དམངས་གཙོ་དང་རང་དབང་གི་ཕྱོགས་ཙམ་ཡང་གླེང་མེད་ལ། དེ་བཞིན་མི་སེར་དཀྱུས་མའི་དཀའ་སྡུག་ལ་དོན་དམ་པའི་སེམས་ཁུར་བྱས་པའི་རྣམ་འགྱུར་མངོན་པའང་ཆེས་ཉུང་། དེ་ལས་ལྡོག་སྟེ་ཚིག་དང་ཚིག་གི་བར་ནས་མངོན་ཡོང་བ་ནི། “སུ་ཡིས་མངའ་དབང་སྒྱུར་མིན་དང་། ཁེ་ཕན་ཇི་ལྟར་བགོ་མིན་”ཁོ་ན་སྟེ། སྐུ་དྲག་མི་དྲག་གི་བཤད་ལུགས་ཁོ་ན་ཙམ་རེད།
“ཞི་འཐབ་”འདི་ནི་འགྲམ་ལྕག་ཅིག་དང་འདྲ་བར། ནམ་རྒྱུན་ཀྲུང་གུང་སྒྲིག་འཛུགས་ནང་ཁུལ་གྱི་“ངོ་རྒོལ་ཤོག་ཁག་”ལ་ཆབ་སྲིད་ཀྱི་སྟོང་བསམ་འཆང་མཁན་ཡང་གཉིད་ལས་དཀྲོག་ངེས་ཡིན། དེས་ང་ཚོར་ཛ་དྲག་གི་གནད་དོན་ཞིག་ལ་ཐད་ཀར་གདོང་གཏད་བྱེད་དུ་བཅུག་ཡོད་དེ། གལ་སྲིད་དམར་པོའི་ཁྱིམ་རྒྱུད་ནང་ཁུལ་གྱི་ཆབ་སྲིད་རྩེད་འགྲན་དེ་མཐར་གཏུགས་ན། ཀྲུང་གུང་གི་སྒྲིག་འཛུགས་སྲུང་སྐྱོབ་དང་རྒྱུན་འཛིན་ཙམ་ལས། རྒྱ་ནག་རང་དབང་ལ་ཕྱོགས་པར་སྐུལ་འདེད་བྱེད་པ་མིན་ན། ཕྱི་ལོགས་ནས་དུས་རྒྱུན་དུ་འབྱུང་བཞིན་པའི་“ཞི་ཅིན་ཕིང་གིས་དབང་ཤུགས་ཤོར་ཚར་བ་རེད་”ཟེར་བའི་བཤད་སྟངས་དེ། དོན་དམ་པར་སུ་ཞིག་གིས་བཟོ་བཞིན་པ་ཡིན་ནམ། ཡང་སུ་ཞིག་གིས་རྒྱ་ནག་གི་མང་ཚོགས་དང་རྒྱ་ནག་གི་མ་འོངས་པར་སེམས་ཁུར་བྱེད་པའི་ཤེས་ཡོན་པའི་རིགས་ལ་“བསམ་བློའི་ཉལ་ཐ་”འདི་སྤྲོད་བཞིན་པ་ཡིན་ནམ།
གྲལ་རིམ་གྱི་ངོ་བོ། “སྒུག་ཆོག་པའི་”དམར་པོའི་སྐུ་དྲགདངོས་ཡོད་ཀྱི་བདེན་པ་ནི་ཆེས་གདུག་རྩུབ་ཅན་ཞིག་སྟེ། “ཏང་ནང་ཁུལ་གྱི་ངོ་རྒོལ་ཤོག་ཁག་”ཅེས་པའམ། “དམར་པོའི་མི་རབས་གཉིས་པའི་ཁེ་ཕན་མཐུན་ཚོགས་”དང་མིག་སྔའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པའི་དབར་གྱི་འགལ་བ་ཞེས་པ་ནི། རྩ་བའི་ཆ་ནས་ནང་ཁུལ་གྱི་དཔལ་འབྱོར་དང་དབང་ཤུགས་ཀྱི་བགོ་བཤའི་འགལ་བ་ཞིག་ཡིན་པ་ལས། ཀྲུང་གུང་གི་སྒྲིག་འཛུགས་མགོ་རྟིང་སློག་པའི་གཞི་རྩའི་འགལ་བ་ཞིག་མ་ཡིན་ནོ།།
“ཞི་འཐབ་”འདིས་མི་མངོན་པའི་སྣང་ཚུལ་གཉིས་ཕྱིར་བཏོན་པ་ནི། རྒྱ་མི་དང་རྒྱ་ནག་རང་དབང་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་མཁན་ཚོས་སྣང་མེད་གཏང་མི་རུང་བ་ཞིག་རེད།
དང་པོ། ཁྲག་རྒྱུན་ཁེ་དབང་གི་ཐུན་མོང་ཚོགས་སྤྱི། པའོ་ཁྱིམ་རྒྱུད་སོགས་དམར་པོའི་ཁྱིམ་རྒྱུད་ལ་མཚོན་ན། རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་སྒྲོམ་གཞི་རྩ་འཐོར་དུ་མ་སོང་ན། ཁོ་ཚོར་ཡོད་པའི་གྲལ་རིམ་གྱི་ཁེ་དབང་དང་འབྲེལ་ལམ་གྱི་ཐོན་ཁུངས། དེ་བཞིན་ཁེ་ཕན་ལ་སྔར་བཞིན་བདེ་འཇགས་ཀྱི་འགན་སྲུང་ཡོད་པ་རེད། དེའི་ཕྱིར་ཁོ་ཚོས་དེ་བས་ཀྱང་ལྐོག་ནས་ལྟ་བཞིན་གྲལ་རིམ་གྱི་ཁེ་ཕན་རྨང་བྱས་ནས་གྲུབ་པའི་ཆབ་སྲིད་ཀྱི་ལྡེམ་ཤུགས་ལ་བརྟེན་ཏེ། མིག་སྔའི་དབང་འཛིན་པ་རྒས་རྒྱུར་སྒུག་པའམ། སྲིད་ཇུས་འཕོ་འགྱུར་འགྲོ་བ། ཡང་ན་ཆབ་སྲིད་ལ་འགྱུར་ལྡོག་འགྲོ་བར་སྒུག་པ་ལས། ཚོད་འཛིན་མི་ཐུབ་པའི་སྤྱི་ཚོགས་གསར་བརྗེ་སློང་བའི་ཉེན་ཁ་བརྒྱུད་མི་སྲིད། ཁོ་ཚོ་ཆེས་སྐྲག་ས་དེ་དབང་ཤུགས་སྒྲོམ་གཞི་ནང་ཁུལ་གྱི་འགྱུར་ལྡོག་གསར་བ་མིན་པར། རྒྱ་ནག་གི་མི་སེར་དཀྱུས་མའི་དོན་དངོས་ཀྱི་ཆབ་སྲིད་རྟོགས་སད་དང་། དེས་བསྐྱེད་པའི་འོག་ནས་ཡར་འབྱུང་བའི་སྤྱི་ཚོགས་སྐུལ་སློང་བ་རེད།
གཉིས་པ། ཞི་ལ་སྐྲག་ཅིང་དེ་ལས་ཀྱང་དམངས་ཀྱི་ངོ་རྒོལ་ལ་སྐྲག མིག་སྔའི་མགོ་ཁྲིད་ཀྱི་ཚད་མཐོའི་དབང་ཆ་གཅིག་སྡུད་ཀྱིས་ཁེ་ཕན་མཐུན་ཚོགས་སྐོར་ཞིག་ལ་བློ་མི་བདེ་བ་དང་། འདོད་པ་མི་ཁེངས་པར་བྱེད་ན་ཡང་། ཁོ་ཚོས་བལྟས་ན་རྒྱ་ནག་གི་སྤྱི་ཚོགས་ཀྱི་གཞི་རྒྱ་ཆེ་བའི་རྟོགས་སད་དང་། ཆབ་སྲིད་སྟངས་འཛིན་གྱི་ནུས་པ་ཤོར་བ། ཐ་ན་སྒྲིག་གཞི་འཐོར་བ་ལྟ་བུ་ནི། ད་གཟོད་ཆེས་རྩ་བརླག་རང་བཞིན་གྱི་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད། རྒྱུ་མཚན་དེར་བརྟེན་“ཞི་ལ་རྒོལ་བ་ལས་གུང་རྒོལ་མིན་”པ་དེ་ཁེ་ཕན་གྱི་རིགས་ལམ་ཞིག་ཏུ་འགྱུར་ངེས་ཏེ། གལ་སྲིད་མིག་སྔའི་ཆབ་སྲིད་སྒྲིག་གཞི་མུ་མཐུད་དུ་གནས་ན། ཁོ་ཚོས་མགོ་ཁྲིད་གང་རུང་ཞིག་ལ་ངོ་རྒོལ་བྱེད་འདོད་མོད། ཁོ་ཚོ་རང་ཉིད་ཀྱི་གྲལ་རིམ་ཁེ་ཕན་དང་འབྲེལ་བའི་སྒྲིག་འཛུགས་སྤྱི་ལ་ངོ་རྒོལ་བྱེད་འདོད་ཡོད་པའི་ངེས་པ་མེད། ཅི་སྟེ་སྒྲིག་འཛུགས་རང་ཉིད་རྩ་འཐོར་དུ་འགྲོ་བའི་ཉེན་ཁར་འཕྲད་ན། ཁོ་ཚོས་ཤོར་བ་ནི་ཆབ་སྲིད་མི་སྣ་གཅིག་མིན་པར། ཁེ་ཕན་ཐུན་མོང་ཚོགས་སྤྱི་ཡོངས་རྫོགས་ཀྱི་རྟེན་གཞིར་གྱུར་བའི་མདོ་རྩ་ཤོར་བ་རེད།
གང་ལྟར། “ཞི་ལ་རྒོལ་བ་”དང་“གུང་ལ་རྒོལ་བ་”ནི་ཆབ་སྲིད་གླེང་གཞི་གཅིག་མཚུངས་ཤིག་མ་རེད། དམར་པོའི་ཁྱིམ་རྒྱུད་སྐོར་ཞིག་དང་ཚབ་བྱེད་མི་སྣ་ལ་མཚོན་ན། མཐར་གཏུགས་ན་སུ་ཞིག་གིས་དབང་ཆ་འཛིན་མིན་དེ་མ་ཡིན་པར། གྲལ་རིམ་ཁེ་ཕན་ལ་འགན་སྲུང་ཡོད་པའི་ཆབ་སྲིད་སྒྲོམ་གཞི་འདི་གཏོར་བཤིག་མི་གཏོང་བ་དེ་རེད།
ཐབས་ཇུས་བརྟན་སྲུང་། མཐོ་རིམ་ཆབ་སྲིད་སྒམ་ཆུང་ནང་གི་“འཐབ་ཇུས་སྦྲིད་སྨན”།ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་ལ་ངེས་པ་དོན་གྱི་“དམངས་གཙོ་རང་དབང་ཤོག་ཁག་”ཅིག་མེད་ན། ཉེ་བའི་ལོ་འདི་དག་རིང་ཕྱི་ལོགས་ཀྱི་“ཞི་ཡིས་གོ་ས་ཤོར་བ་”དང་། “ཞི་ཡིས་དབང་ཆ་ཤོར་བ་”སོགས་གནམ་ས་ཁེབས་པའི་ཆབ་སྲིད་དགོད་བྲོའི་བརྙན་ཐུང་དེ་དག་ལ། ང་ཚོས་གཟབ་ནན་གྱིས་བརྟག་དཔྱད་ཅིག་བྱེད་རིན་ཡོད་པ་རེད། དེ་དག་དོན་དམ་པར་ཕྱི་ལོགས་ཀྱི་དྲྭ་བའི་འཁོར་སྐྱོད་ཀྱིས་ཡོང་འབབ་ལ་དམིགས་ཏེ་བཟོས་པའི་ཆབ་སྲིད་སྟོང་བསམ་ཞིག་རེད་དམ། ཡང་ན་དོན་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་རིགས་ལམ་ལ་འཚམ་པའི་“གཏིང་ཟབ་པའི་འཐབ་ཇུས་བྱེད་ནུས་”ཤིག་རེད། གལ་ཏེ་ཆབ་སྲིད་སེམས་ཁམས་དང་སྤྱི་ཚོགས་སྟངས་འཛིན་གྱི་ངོས་ནས་བལྟས་ན། བཤད་ལུགས་འདི་རིགས་ལ་མ་མཐའ་ཡང་གཤམ་གསལ་གྱི་དོགས་ཟོན་བྱ་དགོས་པའི་ངོས་དག་ཡོད་དེ།
གཅིག བཤད་ལུགས་འདི་རིགས་ཀྱིས་“སྙིང་རླུང་སངས་བར་”བྱེད་ཐུབ། རྒྱ་ནག་རྒྱལ་ནང་གི་དཔལ་འབྱོར་ཇེ་ཞན་དུ་གྱུར་བ་དང་། སྤྱི་ཚོགས་གནོན་ཤུགས་ཇེ་ཆེར་གྱུར་བ། མང་ཚོགས་ཀྱི་འཁང་ར་སྤུངས་པ་ན། ཚད་མཐོའི་གཉའ་གནོན་ཆབ་སྲིད་ཀྱིས་ཆེས་སེམས་ཁུར་བྱེད་ས་ནི་ཏག་ཏག་སྤྱི་ཚོགས་ཀྱི་ཡིད་མ་ཚིམས་པས་སྟངས་འཛིན་ལ་རྒོལ་གཏོར་བྱེད་པ་དེ་རེད། དེའི་ཕྱིར། ཕྱི་ལོགས་ཀྱི་དྲྭ་ལམ་ནས་“གོང་རིམ་ནས་མི་ག་གེ་མོ་ཞིག་གིས་དངོས་སུ་ལག་བསྟར་བྱས་ཟིན་པ་”དང་། “སྲིད་ཇུས་མགྱོགས་ནས་མྱུར་དུ་འགྱུར་བ་འགྲོ་བ་”སོགས་ནི་ཁུངས་མེད་པའི་“ནང་ཁུལ་གྱི་གནས་ཚུལ་”ལ་བསྙད་པ་ཤ་སྟག་སྟེ། སེམས་ཁུར་དང་བློ་ཡིད་མི་ཚིམས་པར་གནས་པའི་མང་ཚོགས་ལ་ལྟར་སྣང་གི་རེ་བ་ཞིག་སྐྲུན་ཆོག་ཆོག་ཡོད། དེ་ལ་བརྟེན་ནས་མི་རྣམས་ཀྱིས་དངོས་ཡོད་ཀྱི་དཀའ་ངལ་ལ་དོ་སྣང་མི་བྱེད་པར། དོན་དུ་མེད་པའི་“དཀྱོག་མཚམས་”དེ་ལ་རེ་སྒུག་བྱེད་དུ་འཇུག་པ་རེད།
གཉིས། བཤད་ལུགས་འདི་རིགས་ཀྱིས་དངོས་ཡོད་ལག་བསྟར་གྱི་ངར་ཤུགས་འཇགས་པར་བྱེད་ཐུབ། དེ་ལས་ཀྱང་དོགས་ཟོན་བྱ་དགོས་པ་ཞིག་ནི། དེ་ཉིད་རྒྱ་ནག་གི་མང་ཚོགས་སྐོར་ཞིག་གིས་“གོང་རིམ་ནས་གནད་དོན་སེལ་བའི་”གོམས་འདྲིས་ཅན་གྱི་ངང་སྒུག་དང་འཚམ་པོར་ཡོད་པ་དེ་རེད། དེས་མི་ལ་འཁྲུལ་སྣང་སྐྱེ་རུ་བཅུག་སྟེ། མི་དཀྱུས་མ་ཞིག་ཁྲོམ་སྐོར་ལ་འགྲོ་བ་དང་། ཡོངས་ཁྱབ་ངོ་རྒོལ་ལམ་མི་སེར་གྱི་དང་ལེན་མི་བྱེད་པའི་ཉེན་ཁ་བརྒྱུད་མི་དགོས་པར། གློག་ཀླད་ཀྱི་མདུན་དུ་བསྡད་ནས་གོང་རིམ་གྱི་འཐབ་འཁྲུག་མཇུག་སྒྲིལ་བར་སྒུག་པ་ཁོ་ནས་ཆོག་པར་སྙམ་པ་དེ་རེད། དེ་ལྟར་སྤྱིར་ན་དངོས་ཡོད་ཀྱི་ཆབ་སྲིད་ལས་འགུལ་ལ་འགྱུར་ཆོག་པའི་ཡིད་མི་ཚིམས་པ་དེ། བསྐྱར་དུ་མུ་འགོད་རང་བཞིན་གྱི་“ཕོ་བྲང་ནང་གི་ཆབ་སྲིད་མུ་འབྲེལ་ཟློས་གར་”གྱི་རྣམ་པར་བསྒྱུར་བ་རེད། དེ་ཡིས་ཆེས་དགག་གཞག་གི་བློ་མིག་དང་མི་བསྟུན་པའི་ལྐོག་ནུས་ལྡན་པའི་དྲྭ་བའི་ལྕགས་རྭ་བརྒལ་བའི་མི་ཡང་། དངོས་ཡོད་ཀྱི་ལས་འགུལ་བ་ཞིག་ནས་རྟོག་བཟོའི་ཆབ་སྲིད་ཟློས་གར་གྱི་ལྟད་མོ་ཞིག་ཏུ་སྒྱུར་ངེས།
གསུམ། བཤད་ལུགས་འདི་རིགས་ཀྱིས་ཐབས་མཁས་པའི་“ཁ་ནང་བལྟས་ཀྱི་ཕྱི་ཚོང་”གི་རིམ་པ་ཞིག་ཀྱང་སྐྲུན་ཐུབ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྒོ་ནས་ཕྱི་ལོགས་ཀྱི་དྲྭ་དཔོན་འདི་དག་ལ་མཐུན་འགྱུར་དང་བཀའ་བཀོད་བྱེད་དགོས་པའི་ངེས་པ་མེད་ལ། བརྡ་འཕྲིན་ཚོད་འཛིན་བརྒྱུད་ནས་སམ། གདམ་ང་རང་བཞིན་དང་ཆེད་དམིགས་ཀྱི་བརྡ་འཕྲིན་བརྒྱུད་སྤྲོད་བྱས་པ་ལ་བརྟེན་ནས། དྲྭ་འབངས་སྐོར་ཞིག་ལ་“ངས་ནང་ཁུལ་གྱི་གནས་ཚུལ་ལྐོག་ནས་ལྟ་བཞིན་ཡོད་”པའི་སེམས་ཁམས་ཚིམས་པར་བྱེད་ཐུབ། ཅི་ཙམ་གྱིས་“ལྟ་མི་ཆོག་པའི་”བརྡ་འཕྲིན་གྱི་རིགས་ཡིན་ན། མི་རྣམས་ནི་དེ་ཙམ་གྱིས་བརྡ་འཕྲིན་དེ་ཉིད་བདེན་པར་ཡིད་ཆེས་བྱེད་པ་རེད། དེར་བརྟེན། ཁུངས་མེད་པའི་ཆབ་སྲིད་གཏམ་འཆལ་ལ་ངོ་མཚར་བའི་དབང་དྲག་གི་སྣང་བ་ཞིག་ལྡན་པ་དང། མཐར་བརྒྱུད་སྤེལ་གྱི་ནུས་པ་ཆེས་ཆེར་ལྡན་པའི་ཆབ་སྲིད་སེམས་ཁམས་གསོ་བའི་སྨན་ཞིག་ཏུ་གྱུར་བ་རེད།
དེའི་ཕྱིར། དངོས་གནས་དོགས་ཟོན་བྱེད་རིན་ཡོད་པ་དེ། “ཞི་ཡི་གོ་ས་ཤོར་”བའི་ལུང་བསྟན་དེ་བདེན་མིན་མ་ཡིན་པར། བཤད་ལུགས་དེ་རིགས་ཀྱིས་རང་བཞིན་དུ་གྲུབ་པའི་ཆབ་སྲིད་བྱེད་ནུས་རེད། དེ་ཉིད་ཀྱིས་དངོས་ཡོད་ཆབ་སྲིད་གནད་དོན་དེ་རྩེད་མཚར་ཅན་དང་། སྤྱི་ཚོགས་ཀྱི་ཡིད་མི་ཚིམས་པ་དེ་སེམས་ཁམས་ཅན། འབྱུང་ལ་ཉེ་བའི་ལས་འགུལ་དེ་རྟོག་བཟོ་ཅན་དུ་བསྒྱུར་ནས། མཐར་མི་རྣམས་ལ་ད་དུང་ལེའུ་གཅིག་བསྒུགས་ན་འགྱུར་ལྡོག་ཅིག་འབྱུང་ལ་ཉེ་བར་ཡིད་ཆེས་སྐྱེ་རུ་འཇུག་པ་དེ་རེད།
མཇུག་གཏམ། དུས་རབས་གསར་བའི་“ཆབ་སྲིད་ལྟད་མོ་བ་”མི་བྱེད་པ།དྲང་མོར་བཤད་ན། དེང་སང་ཕྱི་ལོགས་ཀྱི་རྒྱ་ཡིག་གི་དྲྭ་ལམ་ནས་ཉིན་མཚན་ཀུན་ཏུ་“ཞི་སྲིད་འཛིན་གནས་དབྱུང་གཏོང་བ་”ལ་རེ་ཞིང་སྒུག་པའི་དྲྭ་འབངས་ནི། ཚད་ངེས་ཅན་ཞིག་ནས་དུས་རབས་གསར་བའི་“བསམ་བློའི་ལྟད་མོ་བ་”དང་ཆེས་འདྲ་སྟེ། ཁོ་ཚོས་“ཡི་ཡན་ཐཱང་”གི་དབང་སྒྱུར་བ་ཚོའི་མུ་འགོད་གཏམ་རྒྱུད་ལ་ཡིད་ཆེས་བློ་འགེལ་བྱེད་ཅིང་། དབང་ཆ་འཐབ་རྩོད་ཀྱི་གསེབ་ནས་རང་ཉིད་ཀྱི་“མགོན་སྐྱབས་”འཚོལ་ལ། ཐ་ན་“དབང་མཐའ་སྒེར་གཅོད་པའི་”དབར་གྱི་འཐབ་རྩོད་ཀྱང་རང་ཉིད་ཀྱིས་དངོས་ཡོད་ཁྲོད་ཅི་ཡང་མི་སྒྲུབ་པའི་ཁ་གཡར་ས་བྱེད། ཆེས་མཐོའི་དབང་ཤུགས་བརྗེ་སྤོར་བྱས་ན། སྤྱི་ཚོགས་དེ་ཉིད་རང་བཞིན་གྱིས་རང་དབང་དང་དམངས་གཙོའི་ལམ་དུ་འགྲོ་བ་ལྟར་བྱེད། དོན་ངོ་མར་དེ་ལྟ་བུའི་ཕོ་བྲང་ནང་གི་འཐབ་རྩོད་ལ་རེ་བའི་སེམས་ཁམས་ནི། མ་གཞི་ནས་ཆབ་སྲིད་གཞན་དབང་རང་བཞིན་གྱི་མངོན་སྟངས་ཤིག་རེད། རྒྱ་མིས་སླར་ཡང་“རྒྱ་ནག་གི་ལོ་བརྒྱའི་དམངས་གཙོ་རྨི་ལམ་”ཆུ་ཡི་ལྦུ་བ་ལྟར་དུ་འགྱུར་བར་མི་འདོད་ན། འདི་ལྟར་ཤེས་དགོས་ཏེ། ངེས་དོན་གྱི་སྤྱི་ཚོགས་འཕོ་འགྱུར་ནི། སྒམ་ཆུང་ནག་པོའི་ནང་གི་ནང་ཁུལ་གྱི་སྲིད་འགྱུར་ལས་ནམ་ཡང་འབྱུང་མི་སྲིད་ལ། དེ་ལས་ཀྱང་དམར་པོའི་ཁྱིམ་རྒྱུད་ཀྱིས་བགོ་བཤའ་གསར་བ་བརྒྱབ་རྗེས་ཀྱི་“སྙིང་རྗེ་”ལས་འབྱུང་མི་སྲིད། སྤྱི་ཚོགས་ཀྱི་འགྱུར་བ་ནི། ཐོག་མར་རྒྱ་ནག་གི་མི་སེར་དཀྱུས་མ་རེ་རེ་ནས་མགོ་བཙུགས་ཏེ། དབང་ཤུགས་ལ་བསྙེས་པའི་ངན་གཤིས་འདོར་བ་དང། ཆབ་སྲིད་སྟོང་བསམ་གྱི་སྐྱིད་སྣང་འདོར་དགོས། དེ་བཞིན་“མཐར་སྒྲིག་འཛུགས་རང་བཞིན་གྱིས་སླར་གསོ་”ཡོང་བའི་སྟོང་བསམ་འདོར་དགོས། ཆབ་སྲིད་ཀྱི་ཉལ་ཐ་འདི་བསྐྱུགས་ཏེ། གདུག་རྩུབ་དང་བདེན་པའི་དངོས་ཡོད་ལ་ཁ་གཏད་ན། ད་གཟོད་རྒྱ་མིའི་རང་དབང་གི་ལམ་བུ་དེ་མགོ་ཚུགས་པ་ཡིན་ནོ།།
༢༠༢༦ལོའི་ཟླ་༩པའི་ཚེས་༥ཉིན། ཝོ་གླིང་ནུབ་མར་རྫོགས་པར་སྦྱར་རོ།།
རྩོམ་ཁུངས། པེ་ཅིན་གྱི་དཔྱིད་ཀ མ་རྩོམ་ལ་གཟིགས་འདོད་མཆིས་ཚེ་འདིར་ནོན།
[i] ཀྲུང་ནན་ཧེ་(中南海)ཞེས་པ་ནི་ས་ཚིགས་ཀྱི་ཆ་ནས་བཏགས་པ་སྟེ། ད་ལྟའི་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་ནུབ་ཁུལ་ལ་ཁེལ་ཞིང་། ཡོན་རྒྱལ་རབས་སོགས་ནས་བཟུང་རྒྱལ་པོའི་ཕོ་བྲང་དང་སྐྱེད་མོས་ཚལ་དུ་འཛུགས་སྐྲུན་བྱས་ཏེ། ད་ལྟའི་རྒྱ་ནག་གི་གཞུང་འཛིན་པའི་གལ་ཆེའི་ལྷན་ཁང་ཁག་གནས་ས་ཡིན། དེར་བརྟེན་འདིའི་བརྡ་དོན་ཡང་རང་བཞིན་གྱིས་ད་ལྟའི་རྒྱ་ནག་གི་སྲིད་གཞུང་ལ་གོ་བ་ཞིག་ཡིན། —སྒྱུར་མཆན།
[ii] པའོ་ཁྱིམ་རྒྱུད་(薄氏家族)ཅེས་པ་ནི་རྒྱ་ནག་གི་“གུང་ཁྲན་ཏང་གི་རྒན་པ་བརྒྱད་”དུ་གྲགས་པའི་ཡ་གྱལ་པའོ་ཡི་པཱོ་(薄一波)བུ་རབས་ཚ་རྒྱུད་ལ་ཟེར། —སྒྱུར་མཆན།
The post ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”། appeared first on བོད་ཀྱི་དུས་བབ།.



