དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ པའི་ཚེས་ ༦ ཉིན་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་ བྷི་ཌལ་ཕེ་ (Dr. Desmond Biddulph CBE) མཆོག་གིས་སྣེ་ཁྲིད་པའི་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས། ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་ལ་ཉེན་ཁ་ཇི་ཡོད་དང་། ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། ཉེ་ཆར་བལ་བོད་ས་མཚམས་སུ་ཆུ་རུད་བྱུང་སྐབས། རྒྱ་ནག་གཞུང་གིས་གནོད་འཚེ་ཕོག་ཡུལ་སྐྱིད་གྲོང་ཁུལ་གྱི་གནས་ཚུལ་རྣམས་གསང་བ་བྱས་ཏེ་ཕྱིར་བསྒྲགས་མ་བྱས་པའི་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ལ་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནང་ལྕམ་སྐུ་ཌར་སི་ བྷི་ཌལ་ཕེ་ (Mrs. Darcy Biddulph, Editor of The Middle Way and Council Member of the Buddhist Society) ལགས་དང་། ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་ བྷི་ཌལ་ཕེ་མཆོག་གི་ཚ་བོ་ཨར་ལོ་ ཨི་ཝན་ བྷི་ཌལ་ཕེ་ (Arlo Ivan Biddulph, Dr. Biddulph’s grandson and a university student) ལགས། ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་དཔེ་མཛོད་དོ་དམ་པ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དབང་འདུས་ཚེ་རིང་ལགས་བཅས་ཡོད་འདུག་པ་བཅས། །




