དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིའི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བྱུང་བ།

3 hours ago

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༠༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སུད་སིའི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་གནང་ཡོད་ཅིང་།  སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་དང་། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ། དེ་བཞིན་ས་གནས་བོད་མིའི་ཚོགས་སྡེ་ཁག་དང་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་སུད་སིར་གཞུང་འབྲེལ་འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་འབྲེལ་ཆགས་ཁག་གཅིག་དང་ལྷན་ཚོགས་འདུ་རིམ་པ་ཚོགས་རྒྱུ་དང་། ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད། བོད་པའི་གཞོན་སྐྱེས་དང་ལྷན་བཀའ་མོལ་གནང་རྒྱུ་ཡིན་པ་རེད།

སུད་སིའི་མཛད་རིམ་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ ༢༠༠༠ གླེང་སྟེགས་ཀྱི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་ཞུགས་གནང་རྒྱུ་དང་། དེ་རྗེས་ཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད།ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་བྱུས་གཏན་འབེབས་གནང་མཁན། སྤྱི་ཚོགས་ལས་འགུལ་ཚོགས་པ། ཡུ་རོབ་ཀྱི་འབྲེལ་ཆགས་མི་སྣ་བཅས་ལ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་བཅས།།

Original Article