དབྱར་ཆོས་ཆེན་མོའོ་ཚོགས་དགོན་དུ་དབུ་བཞུགས་མཛད་པ།
ཁ་སང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༣ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་མང་སྤྲོ་དགོན་པར་འཚོགས་པའི་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་ ༡༢ པའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། དད་ལྡན་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་འདུག སྐབས་དེར་མགོན་པོ་གང་ཉིད་ཀྱིས་བོད་མིའི་མི་རབས་གོང་མ་ཚོས་འབད་བརྩོན་ཆེན་པོས་དཔལ་ནཱ་ལེནྡྲའི་ཆོས་རྒྱུན་ལ་བདག་གཅེས་མཛད་དེ། རྟགས་གསལ་གྱི་ལམ་ནས་ཚད་མ་དང་། དབུ་མ། ཕར་ཕྱིན་སོགས་ཆ་ཚང་བ་ཞིག་སློབ་སྦྱོང་གནང་སྲོལ་ཡོད་པ་དང་། ལྷག་པར་དུ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་པའི་གཞུང་གི་སེམས་ཁམས་རིག་པ་དང་ཚད་མ་རིག་པར་དམིགས་བསལ་དོ་སྣང་གནང་བཞིན་ཡོད་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་མོ་སྩལ་འདུག
རྩ་བའི་ད་ལོའི་ལ་དྭགས་དབྱར་ཆོས་ཆེན་མོ་དེ་ཉིད་ཉེ་ལམ་ཕྱི་ཚེས་ ༢༡ ནས་དབུ་འཛུགས་ཀྱིས་ཁ་སང་ཕྱི་ཚེས་ ༢༣ བར་ཉིན་གྲངས་གསུམ་རིང་ཚོགས་ཡོད་ཅིང་། དུས་ཡུན་དེའི་རིང་ལ་དྭགས་ཁུལ་གྱི་གཞོན་སྐྱེས་བདེ་ཐབས་སྐོར་གྱི་བགྲོ་གླེང་དང་། ཆོས་ཐོག་བགྲོ་གླེང་། རིགས་ལམ་རྩོད་པ་སོགས་ཀྱི་ལས་རིམ་ལ་གཉེར་འདུག་ལ། མཛད་རིམ་ཁག་གི་དབུ་བཞུགས་སུ་ལ་དྭགས་ཁྲིག་སེ་རིན་པོ་ཆེ་མཆོག་དང་། འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་སོགས་ཀྱིས་དབུ་བཞུགས་ཀྱིས། གྲྭ་བཙུནདང་སློབ་ཕྲུག མི་དམངས་སོགས་སྐྱ་སེར་སྟོང་ཕྲག་མང་པོས་མཉམ་ཞུགས་གནང་ཡོད་པ་རེད་འདུག །





