ཕྱི་ལོ་༢༠༢༥ ལོར་གོ་ལ་ཁྱོན་ཡོངས་ཀྱི་དམག་དོན་ནམ་བདེ་སྲུང་ཆེད་དུ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༢་༨༩ བཏང་ནས་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་པ་བརྗོད་འདུག་ལ། དེ་བཞིན་ལོ་བསྟུད་མར་༡༡ རིང་གོ་ལ་ཁྱོན་ཡོངས་ཀྱི་དམག་དོན་ཐད་ཀྱི་འགྲོ་གྲོན་འཕར་ཡོད་པ་བརྗོད་འདུག
ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན་རྒྱལ་སྤྱིའི་ཞི་བདེའི་ལྟེ་གནས་ཉམས་ཞིབ་ཁང་(The Stockholm International Peace Research Institute)(SIPRI)ཞེས་པ་དེ་ཡིས་གོ་ལ་ཁྱོན་ཡོངས་ཀྱི་ཕྱི་ལོ་༢༠༢༥ ནང་དམག་དོན་ཐད་འགྲོ་གྲོན་ག་ཚོད་བཏང་ཡོད་མེད་སྐོར་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་ཕྱི་ལོ་༢༠༢༥ ལོར་གོ་ལ་ཁྱོན་ཡོངས་ནས་ཨ་སྒོར་ཐེར་འབུམ་༢༨༨༧ བཏང་ཡོད་པ་དང་། ཕྱི་ལོ་༢༠༢༤ ལོ་དང་བསྡུར་ན་བརྒྱ་ཆ་༢་༩ ཡར་འཕར་ཡོད་པ་བརྗོད་འདུག ཨ་རིའི་དམག་དོན་ཐད་འགྲོ་མར་ཆག་ཡོད་པ་བརྗོད་འདུག་ཀྱང་། ཡུ་རོབ་ཀྱི་དམག་དོན་ཐད་འགྲོ་གྲོན་བརྒྱ་ཆ་༡༤ ཡར་འཕར་ཡོད་འདུག་པ་དང་། ཨེ་ཤི་ཡའི་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཚོའི་དམག་དོན་ཐད་ཀྱི་འགྲོ་གྲོན་བརྒྱ་ཆ་༨་༡ ཡར་འཕར་ཡོད་པ་བརྗོད་འདུག འཛམ་གླིང་ནང་དམག་དོན་ཐད་འགྲོ་གྲོན་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་གསུམ་ནི་ཨ་རི་དང་རྒྱ་ནག ཨུ་རུ་སུ་བཅས་ཡིན་པ་བརྗོད་འདུག རྒྱལ་ཁབ་དེ་གསུམ་པོའི་དམག་དོན་ཐད་ཀྱི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༡༤༨༠ ཟིན་གྱི་ཡོད་འདུག་པ་དང་། བསྡོམས་ན་འཛམ་གླིང་ཁྱོན་ཡོངས་ཀྱི་དམག་དོན་ཐད་ཀྱི་འགྲོ་གྲོན་བརྒྱ་ཆ་༥༡ ཟིན་གྱི་ཡོད་པ་བརྗོད་འདུག འདས་པའི་ལོ་༡༡ རིང་གོ་ལ་ཁྱོན་ཡོངས་ཀྱི་དམག་དོན་ཐད་ཀྱི་འགྲོ་གྲོན་ལོ་བསྟུན་མར་འཕར་ཡོད་འདུག་པ་དང་། རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཡོང་འབབ་(GDP)ཁྲོད་ནས་བརྒྱ་ཆ་༢་༥ ཙམ་བཏང་ཡོད་འདུག་པ་དང་། དེ་ནི་ཕྱི་ལོ་༢༠༠༩ ནས་ད་བར་འགྲོ་གྲོན་མང་ཤོས་དེ་ཆགས་ཀྱི་ཡོད་འདུག ལྟེ་གནས་ཁང་དེའི་ཉམས་ཞིབ་པ་(Xiao Liang)ཞེས་པ་ཞིག་གིས་བརྗོད་དོན་ལ། ཕྱི་ལོ་༢༠༢༥ ནང་དམག་དོན་ཐད་ཀྱི་འགྲོ་གྲོན་མང་དུ་གཏོང་དགོས་པའི་རྒྱུ་མཚན་ནི་འབྱུང་འགྱུར་གྱི་ལོའི་ནང་དམག་འཁྲུག་མང་དུ་འགྲོ་སྲིད་པའི་ཉེན་ཁ་མཐོང་བ་དང་། རྒྱལ་སྤྱིའི་ཆབ་སྲིད་བརྟན་པོ་མེད་པ་སོགས་ལ་བརྟེན་ནས་མ་འོངས་པ་ཡང་དམག་དོན་ཐད་འགྲོ་གྲོན་མང་དུ་འགྲོ་སྲིད་པ་རེད་ཅེས་བརྗོད་འདུགཕྱི་ལོ་༢༠༢༥ ལོར་ཨ་རིའི་དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༩༥༤ ཟིན་པ་དེ་ནི་ཕྱི་ལོ་༢༠༢༤ ལོ་ལས་བརྒྱ་ཆ་༧.༥ ཡིས་ཉུང་དུ་ཕྱིན་ཡོད་འདུག འགྲོ་གྲོན་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་དེའི་ནང་ཡུག་རེན་ལ་དམག་དོན་རོགས་རམ་གསར་པ་གཏན་འབེབས་བྱས་མེད་པ་དེ་ཡིན་འདུག དེ་ནི་འདས་པའི་ལོ་ངོ་གསུམ་གྱི་ནང་བསྡོམས་པས་ཨ་སྒོར་ཐེར་འབུམ་༡༢༧ གཏན་འབེབས་བྱས་པ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་འདུག འོན་ཀྱང་། གོ་ལའི་ནུབ་བརྒྱུད་(Western Hemisphere) ནང་གཙོ་བོར་བཟུང་བ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ནི་རྒྱལ་ཡོངས་བདེ་འཇགས་སྲིད་བྱུས་གསར་པའི་དམིགས་ཡུལ་གཙོ་བོ་ཡིན་པས། ཨ་རིས་རྡུལ་ཕྲན་དང་སྲོལ་རྒྱུན་གྱི་དམག་དོན་ནུས་པ་གཉིས་ཀའི་ཐད་མ་རྩ་འཛུགས་འཇོག་སྤར་ཡོད་འདུག ལྟེ་གནས་ཁང་(SIPRI) ཡི་དམག་དོན་འགྲོ་གྲོན་དང་མཚོན་ཆ་ཐོན་སྐྱེད་ལས་གཞིའི་འགན་འཛིན་ནན་ཐེན་(Nan Tian) གྱིས་ཕྱི་ལོ་༢༠༢༥ ལོར་ཨ་རིའི་དམག་དོན་འགྲོ་གྲོན་ཉུང་དུ་ཕྱིན་པ་དེ་ནི་ཡུན་ཐུང་ཐུང་ཞིག་ལས་མ་རེད་ཅེས་གསུངས་པ་དང་། ཨ་རིའི་གྲོས་ཚོགས་ཀྱིས་ ཕྱི་ལོ་༢༠༢༦ ལོའི་ཆེད་གཏན་འབེབས་བྱས་པའི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༡༠༠༠ ལས་བརྒལ་ཡོད་པ་དེ་ནི་ཕྱི་ལོ་༢༠༢༥ ལོ་ལས་མངོན་གསལ་དོད་པོས་འཕར་ཡོད་འདུག གལ་ཏེ་སྲིད་འཛིན་ཊོམ་གྱི་སྔོན་རྩིས་གསར་པ་དེ་དང་ལེན་བྱས་ཚེ། ཕྱི་ལོ་༢༠༢༧ ལོར་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༡.༥ བར་འཕར་སྲིད་པ་ཡིན་པ་བརྗོད་འདུགདམག་འཁྲུག་དང་བྱང་ཆིངས་(NATO)ཀྱི་འགྲོ་གྲོན་དམིགས་ཚད་གསར་པའི་འོག་ཡུ་རོབ་ཀྱི་འགྲོ་གྲོན་མཐོ་རུ་ཕྱིན་པ།ཕྱི་ལོ་༢༠༢༥ ལོར་གོ་ལ་ཡོངས་ཀྱི་དམག་དོན་འགྲོ་གྲོན་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཡུ་རོབ་ཀྱི་འགྲོ་གྲོན་བརྒྱ་ཆ་༡༤ འཕར་ཏེ་ཨ་སྒོར་ཐེར་འབུམ་༨༦༤ ལ་སླེབས་པ་དེ་ཡིན་འདུག ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ལོ་ངོ་བཞི་པར་སླེབས་སྐབས་རྒྱལ་ཁབ་དེ་གཉིས་ཀྱི་འགྲོ་གྲོན་མུ་མཐུད་འཕར་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་ཡུ་རོབ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་དམག་དཔུང་བསྐྱར་གསོ་བྱས་པ་དེས་གྲང་དམག་མཇུག་བསྒྲིལ་བ་ནས་བཟུང་ཡུ་རོབ་དབུས་མ་དང་ནུབ་མའི་ནང་ལོ་འཁོར་འགྲོ་གྲོན་འཕར་ཚད་མཐོ་ཤོས་དེ་ཆགས་ཡོད་འདུགཕྱི་ལོ་༢༠༢༥ ལོར་ཨུ་རུ་སུའི་དམག་དོན་འགྲོ་གྲོན་བརྒྱ་ཆ་༥.༩ འཕར་ཏེ་ཨ་སྒོར་ཐེར་འབུམ་༡༩༠ ཟིན་ཡོད་པ་དང་། དེ་ནི་རྒྱལ་ནང་གི་ཡོང་འབབ་(GDP)གྱི་བརྒྱ་ཆ་༧.༥ ཆགས་ཀྱི་ཡོད་འདུག ཡུག་རེན་ནི་ཕྱི་ལོ་༢༠༢༥ ལོར་འགྲོ་གྲོན་གཏོང་མཁན་ཆེ་ཤོས་ཨང་བདུན་པ་དེ་ཡིན་ཞིང་། ཁོང་ཚོའི་འགྲོ་གྲོན་བརྒྱ་ཆ་༢༠ འཕར་ཏེ་ཨ་སྒོར་ཐེར་འབུམ་༨༤.༡ ཟིན་ཡོད་འདུག དེ་ནི་ཁོང་ཚོའི་GDP ཡི་བརྒྱ་ཆ་༤༠ ཟིན་གྱི་ཡོད་འདུགཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པས་(Lorenzo Scarazzato)ཕྱི་ལོ་༢༠༢༥ ལོར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀའི་གཞུང་གི་འགྲོ་གྲོན་ཁྲོད་དམག་དོན་གྱི་བརྒྱ་ཆ་ནི་ལོ་རྒྱུས་ནང་གི་མཐོ་ཤོས་སུ་སླེབས་ཡོད་འདུག་པ་དང་། གལ་ཏེ་དམག་འཁྲུག་མུ་མཐུད་པ་ཡིན་ན་ཨུ་རུ་སུའི་རྡོ་སྣུམ་ཕྱིར་ཚོང་གི་ཡོང་འབབ་འཕར་བ་དང་། ཡུག་རེན་ལ་ཡོ་རོབ་མཐུན་ཚོགས་ནས་བུ་ལོན་ཆེན་པོ་ཐོབ་རྒྱུ་ཡིན་པས། ཕྱི་ལོ་༢༠༢༦ ལོར་ཁོང་ཚོའི་འགྲོ་གྲོན་མུ་མཐུད་འཕར་སྲིད་པ་རེད་ཅེས་བརྗོད་འདུགཕྱི་ལོ་༢༠༢༥ ལོར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དམག་དོན་འགྲོ་གྲོན་བསྡོམས་པས་ཨ་སྒོར་ཐེར་འབུམ་༦༨༡ ཟིན་ཡོད་པ་དང་། དེ་ནི་ཕྱི་ལོ་༢༠༢༤ ལོ་ལས་བརྒྱ་ཆ་༨.༡ གྱིས་མཐོ་བ་ཡིན་པ་དང་། ཕྱི་ལོ་༢༠༠༩ ལོ་ནས་བཟུང་ལོ་འཁོར་འཕར་ཚད་མཐོ་ཤོས་དེ་ཆགས་ཡོད་འདུག འཛམ་གླིང་གི་དམག་དོན་འགྲོ་གྲོན་གཏོང་མཁན་ཆེ་ཤོས་གཉིས་པ་རྒྱ་ནག་དང་འགྲོ་གྲོན་བརྒྱ་ཆ་༧.༤ སྤར་ཏེ་ཨ་སྒོར་ཐེར་འབུམ་༣༣༦ ལ་བསྐྱལ་ཡོད་འདུག དེ་ནི་རྒྱ་ནག་གིས་དམག་དོན་དེང་རབས་ཅན་དུ་བསྒྱུར་བའི་ལས་གཞི་དང་བསྟུན་ནས་ལོ་ངོ་ ༣༡ བསྟུད་མར་འགྲོ་གྲོན་འཕར་ཡོད་འདུགཉི་ཧོང་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་༩.༧ འཕར་ཏེ་ཕྱི་ལོ་༢༠༢༥ ལོར་ཨ་སྒོར་ཐེར་འབུམ་༦༢.༢ ཟིན་ཡོད་འདུག དེ་ནི་GDP ཡི་བརྒྱ་ཆ་༡.༤ ཡིན་པ་དང་། ཕྱི་ལོ་༡༩༥༨ ལོ་ནས་བཟུང་གི་བརྒྱ་ཆ་མཐོ་ཤོས་དེ་ཆགས་ཡོད་འདུག ཐའེ་ཝན་གྱི་དམག་དོན་འགྲོ་གྲོན་བརྒྱ་ཆ་༡༤ འཕར་ཏེ་ཨ་སྒོར་ཐེར་འབུམ་༡༨.༢ GDP ཡི་བརྒྱ་ཆ་༢.༡ ཟིན་གྱི་ཡོད་འདུག དེ་ནི་རྒྱ་ནག་གི་བཅིངས་འགྲོལ་དམག་གིས་ཐའེ་ཝན་གླིང་ཕྲན་གྱི་མཐའ་འཁོར་དུ་དམག་སྦྱོང་ཤུགས་ཆེ་རུ་བཏང་བའི་རྒྱབ་ལྗོངས་འོག་ཕྱི་ལོ་༡༩༨༨ ལོ་ནས་བཟུང་ལོ་འཁོར་འཕར་ཚད་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུགལྟེ་གནས་ཁང་གི་ཉམས་ཞིབ་པ(Diego Lopes da Silva)ཀྱིས་ཨོ་སི་ཊོ་ལི་ཡ་དང་། ཉི་ཧོང་། ཕི་ལི་པིན་ལྟ་བུའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ནང་གི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོས་དམག་དོན་འགྲོ་གྲོན་སྤར་བཞིན་ཡོད་འདུག དེ་ནི་ས་ཁུལ་གྱི་ཛ་དྲག་གནས་སྟངས་ཙམ་མ་ཟད། ཨ་རིའི་རྒྱབ་སྐྱོར་ལ་ངེས་གཏན་མེད་པའི་སེམས་འཚབ་ཀྱིས་ཀྱང་ཡིན་པ་རེད་ཅེས་དང་། ཡུ་རོབ་ལྟར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ནང་གི་ཨ་རིའི་མཐུན་གྲོགས་ཚོར་ཡང་ཊོམ་སྲིད་གཞུང་གིས་དམག་དོན་འགྲོ་གྲོན་མང་བ་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཅེས་གསུངས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།



