བཞུགས་སྒར་དུ་རྒྱུག་ཤར་བརྒྱུད་ནུ་མའི་འབྲས་ནད་ཀྱི་གོ་རྟོགས་སྤེལ་སོང་།

10 hours ago

ལོ་ལྟར་ཕྱི་ཟླ་ ༡༠ འདི་བཞིན་ནུ་མའི་འབྲས་ནད་གོ་རྟོགས་ཀྱི་ཟླ་བ་ཞིག་ཡིན་པ་དང་བསྟུན། ཁ་སང་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་དུ་བོད་པའི་ཕོ་མོ་ ༤༠ ལྷག་ཙམ་མཉམ་ཞུགས་ཐོག་ Breast Cancer འམ་ནུ་མའི་འབྲས་ནད་ཀྱི་གོ་རྟོགས་ལས་གཞི་སྤེལ་སོང་། དེ་ཡང་བོད་མི་ན་གཞོན་བློ་བཟང་ཚེ་རིང་ལགས་དང་ཁོང་གི་རོགས་པ་ཚེ་དབང་དོན་གྲུབ་ལགས་ནས་གཞོན་སྐྱེས་ཁྲོད་འཕྲོད་བསྟེན་ཐད་ཐུགས་སྣང་གོང་འཕེལ་སླད་ Gyuk Club འམ་རྒྱུག་རུ་ཁག་ཆེད་བཙུགས་དང་འབྲེལ་བཞུགས་སྒར་རྡ་རམ་ས་ལར་གཟའ་འཁོར་གཅིག་གི་རེས་གཟའ་ཉི་མ་འཆར་ཅན་རྒྱུག་ཤར་གོ་སྒྲིག་ཞུས་ཀྱི་ཡོད་པ་ལྟར། ཁ་སང་རུ་ཁག་དེའི་ངོས་ནས་ Tanda སྨན་ཁང་དུ་ཉམས་གསོ་གནང་མཁན་སྨན་པ་དབྱངས་ཅན་ལགས་དང་ཟུང་འབྲེལ་ཐོག་སྔ་དྲོ་ཆུ་ཚོད་ ༧ པ་ནས་དབུ་འཛུགས་ཀྱིས་མེག་གྷན་ཁྲོམ་གཞུང་ནས་བོད་ཁྱིམ་བཟོ་གྲྭ་བར་ཁྱོན་སྤྱི་ལེ་ ༤ ཙམ་གྱི་རྒྱུག་ཤར་ལས་གཞི་སྤེལ་གནང་སོང་། སྐབས་དེར་རྒྱུག་འགྲན་པ་ཚོས་ནུ་མའི་འབྲས་ནད་སྔོན་འགོག་སླད་ཡོང་གྲགས་སུ་རེ་བ་དང་རྒྱབ་སྐྱོར་གྱི་རྟགས་སུ་གཏན་འབེབས་བྱས་པའི་ཁ་མདོག་ཟིང་སྐྱ་ཅན་གྱི་སྟོད་ཐུང་སྤྲས་པའི་ཐོག་རྒྱུག་ཤར་གློད་པ་མ་ཟད། རྒྱུག་ཤར་གྲུབ་མཚམས་ The Belvedere Himalayan Retreat ཞེས་པའི་མགྲོན་ཁང་དུ་ནུ་མའི་འབྲས་ནད་སྐོར་ལ་གོ་རྟོགས་ཀྱི་འདུ་འཛོམས་ཤིག་གནང་འདུག འདི་གའི་གསར་འགོད་པས་རྒྱུག་རུ་ཁག་དབུ་འཛུགས་གནང་མཁན་བོད་མི་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱི་ཚོགས་ཁྲོད་ནུ་མའི་འབྲས་ནད་དེ་བཞིན་ནད་གཞི་ཡོངས་གྲགས་ཤིག་ཡིན་ཀྱང་དེའི་ཐོག་གོ་རྟོགས་དེ་ཙམ་མེད་སྟབས་སྨན་པ་དབྱངས་ཅན་ལགས་དང་ཟུང་འབྲེལ་གྱིས་ནད་གཞི་དེ་འབྲེལ་གོ་རྟོགས་ལས་གཞི་སྤེལ་ན་མང་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་སྙམ་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་མ་ཟད། རྒྱུག་རུ་ཁག་དེ་བཞིན་རེས་གཟའ་ཉི་མའི་ཉིན་རྒྱུག་ཤར་གློད་རྒྱུ་ཁོ་ན་མིན་པར་དེ་ལྟར་འཕྲོད་བསྟེན་གོ་རྟོགས་སོགས་ཀྱང་སྤེལ་རྒྱུ་གལ་ཆེན་ཡིན་སྟབས་དེ་ལྟར་གནང་ཡིན་སྐོར་གསུངས་སོང་། ཡང་ཁ་སང་གི་རྒྱུག་ཤར་ལས་གཞི་ནང་མཉམ་ཞུགས་དང་ལྷག་པར་འདུ་འཛོམས་ཐོག་གཏམ་བཤད་གནང་མཁན་ཁོངས་སུ་ཡོད་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྨན་པ་བསྟན་འཛིན་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ནུ་མའི་འབྲས་ནད་ཀྱི་ནད་གཞི་དེ་བཞིན་ཅི་ཡིན་འགྲེལ་བརྗོད་དང་འབྲེལ། རྩ་བའི་བུད་མེད་ཁྲོད་འབྲས་ནད་ཁོངས་ནས་མང་ཤོས་ནུ་མའི་འབྲས་ནད་དེ་ཡིན་པ་དེ་ལྟར་ཡང་། དེར་བློ་འཚབ་གནང་དགོས་དོན་མེད་པར་བཅོས་ཐབས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་། སྤྱིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱུག་རུ་ཁག་དེ་བཞིན་བློ་བཟང་ཚེ་རིང་ལགས་དང་ཁོང་གི་རོགས་པ་ཚེ་དབང་དོན་གྲུབ་ལགས་ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢ ནས་འགོ་འཛུགས་ཀྱིས། གཙོ་བོ་ཁུལ་འདིའི་མང་ཚོགས་ཀྱི་འཕྲོད་བསྟེན་ལ་དམིགས་པ་ཞིག་ཡིན་ཞིང་། ད་བར་ཁྱོན་བསྡོམས་ཐེངས་ ༢༣ ཙམ་རྒྱུག་ཡོད་པ་མ་ཟད། བློ་བཟང་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ན། མ་འོངས་མུ་མཐུད་རྒྱུག་ཤར་གློད་པ་ཙམ་མིན་པར་འཕྲོད་བསྟེན་གོ་རྟོགས་ཀྱི་ལས་གཞི་ཡང་གང་མང་བརྩམ་རྒྱུའི་འཆར་གཞི་ཡོད་སྐོར་གསུང་གི་འདུག

The post བཞུགས་སྒར་དུ་རྒྱུག་ཤར་བརྒྱུད་ནུ་མའི་འབྲས་ནད་ཀྱི་གོ་རྟོགས་སྤེལ་སོང་། appeared first on vot.

Original Article