བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

3 hours ago

ལྷ་མོ་མཚོ།

ཕྱི་ལོ་༢༠༢༦ ཟླ་བ་ ༩ ཚེས་ ༢༣ ཉིན་ནས་བོད་ཀྱི་དཔེ་མཛོད་ཁང་གི་ཁ་བའི་གཅེས་ནོར་ཁང་ནས་བོད་ཀྱི་བདུན་ཕྲག་སྟེ། བོད་མིའི་ངོ་བོ་གཅེས་སྲུང་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་པ་དང་། ཟླ་ ༡༠ ཚེས་༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་ཉི་ཤུ་རྩ་གཅིག་འཁོར་བའི་དགའ་སྟོན་ཉིན་མོའི་མཛད་སྒོ་ཚོགས་པ་དེས་ང་ལ་སྟོབས་ཤུགས་དང་རེ་བ་གསར་པ་ཞིག་བསྐྲུན་སོང་བསམ་པ་བྱུང་ལ། སོ་སོས་ཀྱང་གཏམ་ཐོར་བུ་ཞིག་འབྲི་འདོད་སྐྱེས།

སྤྱི་ཚོགས་ཚན་རིག་པ་རྣམས་ཀྱིས་མི་ནི་སྤྱི་ཚོགས་ཀྱི་སྲོགས་ཆགས་ཤིག་ཡིན་གསུངས་པ་ལྟར། མི་དང་སྤྱི་ཚོགས་གཉིས་ནི་གཅིག་ལས་གཅིག་གྲུབ་དང་གཅིག་ལ་གཅིག་བརྟེན་ཡིན་པས། མི་མེད་ན་མིའི་སྤྱི་ཚོགས་མེད་པ་དང་། སྤྱི་ཚོགས་མེད་ན་མི་ཡང་ཡོད་ཐབས་མེད་པ་ལྟ་བུ་ཞིག་རེད།

དེས་ན། མི་ཞིག་སྤྱི་ཚོགས་ཅན་དུ་སྒྱུར་བ་དང་ཡང་ན་མི་ཞིག་སྤྱི་ཚོགས་གང་རུང་ཞིག་གི་མི་ལ་སྒྱུར་བར་བཟོ་གྲྭ་ལྟ་བུ་ཆ་རྐྱེན་གཙོ་བོ་དྲུག་ཚང་ཡོད་པ་དང་། བཟོ་གྲྭ་དེ་དག་གིས་བྱིས་པ་ཞིག་གམ་ཡང་ན་མི་བུ་ཞིག་གི་བཟོ་ལྟ་ལ་མངོན་དང་མི་མངོན་པའི་ཚུལ་དང་། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཚུལ་དུ་འགྱུར་བཅོས་གཏོང་བཞིན་ཡོད། སྤྱི་ཚོགས་ཅན་དུ་སྒྱུར་བ་ཅེས་པ་ནི་མི་ཞིག་གི་མི་ཚེའི་ཧྲིལ་བོའི་ནང་དུ་མི་དེ་བཅོས་སྒྱུར་གྱི་གོ་རིམ་མཐའ་མེད་པ་ཞིག་ཀྱང་ཡིན།

དང་པོ། ཁྱིམ་ཚང་།

མི་ཞིག་གི་མི་ཚེའི་འགོ་འཛུགས་ས་ནི་ཁྱིམ་ཚང་ཡིན་པ་དང་ཁྱིམ་ཚང་ནས་མི་ཞིག་གི་ཟ་འཐུང་། སྐད་ཆ། གཤིས་ཀ།འགྲོ་ལུགས་འགྲོ་སྟངས་དད་མོས་སོགས་ཆུ་ལ་འོ་མ་འདྲེས་པ་ལྟར་སྦྱོང་བཞིན་ཡོད་ལ། གནས་སྐབས་འདི་ནི་སྐྱེས་ནས་མ་ཤི་བར་གྱི་གོ་རིམ་ཞིག་ཡིན་པ་དང། གོ་རིམ་འདིའི་ནང་དུ་མིས་རང་ཉིད་ཀྱི་འདུན་པ་ཡོད་ཚད་ཀྱང་བསྐྲུན་བཞིན་ཡོད། དེ་བས་ཕ་མ་ནི་བཟོ་གྲྭ་འདིའི་བདག་པོ་དང་ཡོད་ཚད་ལྟ་བུ་ཡིན་པས། མདོར་ན་བྱིས་པ་ཞིག་ནི་ཕ་མ་ཟུང་གི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་རེད་ཟེར་སྲོལ་ཀྱང་མཆིས།

གཉིས་པ། རྩེད་རོགས་དང་རྩེད་ར།

བྱིས་པ་རྣམས་ཕ་མ་མཉམ་དུ་རྩེད་མོ་རྩེ་བ་ལས་རང་གི་ན་ཟླ་ཚོ་དང་མཉམ་དུ་རྩེད་རྒྱུར་དགའ་ལ། དམིགས་བསལ་བྱིས་པ་ཕལ་མོ་ཆེ་ནི་རང་ཉིད་ལས་ལོ་ན་ཅུང་ཙམ་ཆེ་བའི་བྱིས་པ་མཉམ་དུ་རྩེད་རྒྱུར་དེ་བས་དགའ། དེ་ནི་བྱིས་པ་ནི་ཧ་ཅང་ཤེས་འདོད་ཅན་དང་རང་ཉིད་ནམ་ཞིག་ཆེན་པོ་ཆགས་ན་བསམ་པའི་རྨི་ལམ་གྱིས་ཁེངས་བསྡད་ཡོད་པ་དང་། ལྷག་པར་ཏུ། བྱིས་པ་ཞིག་ལ་མཚོན་ན་འཇིག་རྟེན་གྱི་ཡོད་ཚད་ཤེས་བྱ་གསར་བ་ཞིག་ཡིན་པས་དེ་སྦྱངས་འདོད་ཀྱི་ཕུགས་བསམ་ཧ་ཅང་ཆེ། རང་ལས་ཆེ་བ་ནི་ཁོང་གི་མིག་དཔེ་ལྟ་ས་ཞིག་ཀྱང་ཡིན་པ་རེད། བྱིས་པ་རྣམས་རྩེད་མོ་རྩེ་དུས་ཕ་མ་དང་བུ་ཕྲུག་ཡིན་ཁུལ་དང་ཁ་ཟས་གཡོ་སྦྱོར་བྱེད་ཁུལ་བྱས་ནས་རྩེད་རྒྱུར་དེ་བས་མོས། དེ་ནི་ཁོ་ཚོས་མི་ཚེ་ནང་ཐེངས་དང་པོ་མཐོང་བའི་མྱོང་བ་དེ་ཀྱང་ཡིན་པ་རེད། རིམ་པས་བྱིས་པ་སློབ་གྲྭར་བསྐྱལ་རྗེས་ཁོ་ཚོའི་རྩེད་མོའི་རྣམ་པ་རྒྱ་ཆེར་འགྲོ་བ་དང་། དེ་ནས་དགེ་རྒན་དང་དགེ་ཕྲུག་ཡིན་ཁུལ་གྱིས་རྩེད་རེས་བྱེད་པ་དང་། འདི་ལྟར་བྱིས་པས་ཁྱིམ་ཚང་དང་སློབ་གྲྭ་ནས་མ་སྦྱངས་པ་མ་ཤེས་པ་མང་པོ་ཞིག་སོ་སོའི་རྩེད་རོགས་དང་རྩེད་ར་ནང་ནས་ཤེས་ཐུབ།

གསུམ་པ། སྤྱི་ཚོགས་དྲ་ལམ།

དེང་སང་གི་སྤྱི་ཚོགས་དྲ་ལམ་ནི་ཧ་ཅང་མགྱོགས་མྱུར་ཅན་དང་སྣ་མང་ཅན་ཡིན་པས། འདིས་མི་ཡོད་ཚད་ལ་བཟང་ངན་གྱི་ཕྱོགས་གཉིས་ཀས་ཤུགས་རྐྱེན་ལྡོག་དུ་མེད་པ་ཞིག་ཐེབས་བཞིན་ཡོད། སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱལ་ཁབ་རིམ་པས་གསར་འགྱུར་ཙམ་མ་ཟད་ཐ་ན་ཁྱིམ་ཚང་དཀྱུས་མ་ཞིག་གི་ཟ་འཐུང་། སློང་མོ་བ་ཞིག་གི་མི་ཚེ། ཐ་ན་རྐུན་མ་དང་ཇག་པ་ལ་སོགས་པ་ཀྱང་མཐོང་ཐུབ། དེ་བས་ཕ་མས་བྱིས་པའི་སྣེ་འཁྲིད་ནས་རྒྱ་མཚོ་ལྟ་བུའི་སྤྱི་ཚོགས་དྲ་ལམ་འདི་ནས་རིན་པོ་ཆེ་དང་སྦྲུལ་དང་སྦལ་བ་སོགས་དབྱེ་བ་ཕྱེས་ནས་ལྟད་མོ་དོན་སྙིང་ལྡན་པ་ཞིག་ལ་ལྟ་རྒྱུ་ཧ་ཅང་གལ་ཆེ།

བཞི་བ། སློབ་གྲྭ།

འདི་ནི་མི་ཞིག་སྤྱི་ཚོགས་ཅན་དུ་སྒྱུར་བའི་གོ་རིམ་གལ་ཆེན་ཞིག་ཡིན་པ་དང་། ང་ཚོའི་ཐོག་མའི་མཐོང་སྣང་ལ་དགེ་རྒན་དང་དགེ་ཕྲུག།ཁོ་ཚོའི་འཛིན་ཁང་བཅས་ཡིན་ལ། བྱིས་པ་ཞིག་གི་ཉིན་གཅིག་གི་དུས་ཚོད་ ༢༤ ལས་མང་ཆེ་བ་དགེ་རྒན་དང་སློབ་གྲོགས་མཉམ་ཏུ་སློབ་གྲྭ་རུ་སྐྱེལ་བཞིན་ཡོད། གོ་རིམ་འདིའི་ནང་དགེ་རྒན་དང་སློབ་མ་མཉམ་རུབ་གྱི་མི་ཚེའི་བྱ་བཞག་སྒྲུབ་པར་སྟ་གོན་བྱེད་བཞིན་ཡོད་ལ་འདི་ནི་འཆར་ལྡན་དང་མངོན་སུམ་ཅན་གྱི་རྣམ་པ་ཞིག་ཡིན།

ལྔ་བ། དགོན་པ་དང་ལྷ་ཁང་།

འཛམ་གླིང་འདིའི་སྟེང་ན་ཆོས་ལུགས་སྣ་མང་ཡོད་པ་དང་ཕལ་ཆེ་བ་ནི་མི་ཞིག་སྐྱེས་དུས་གདམ་ཀ་མེད་པར་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བ་ཤ་སྟག་རེད། ཡང་དད་མོས་ནི་མིའི་རེ་སྨོན་དང་སེམས་ཁམས་ཀྱི་ཟས་བཅུད་ལྟ་བུ་ཞིག་ཀྱང་ཡིན་ལ། ཕ་མས་དགོན་པར་མཆོད་མཇལ་བྱེད་པ་དང་། ལྷ་དང་བླ་མ་ལ་ཕྱག་འཚལ་བ། མཆོད་འབུལ་བྱེད་པ་དེ་དག་གིས་བྱིས་པ་ཞིག་གི་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་ནི། བྱིས་པ་སྐོར་ཞིག་རྩེད་མོ་རྩེ་དུས་ཁོ་ཚོ་དགོན་པ་ལ་མཆོད་མཇལ་འགྲོ་ཁུལ་དང་། ཡང་བླ་མས་ཆོས་གསུང་བཞིན་པ་དེ་འདྲའི་རྩེད་མོ་ལ་ཡང་ཧ་ཅང་མོས་པ་ལས་ཀྱང་ཤེས་ཐུབ།

 དྲུག་པ། གཞུང་ངམ་ཤེས་རིག་ལས་ཁུངས།

རྒྱལ་ཁབ་ཚང་མ་ལ་ཤེས་རིག་ལས་ཁུངས་ཡོད་པ་དང་། རྒྱལ་ཁབ་དེའི་མི་སྣ་གསོ་སྐྱོང་བྱེད་མཁན་གྱི་མི་སྣ་གཙོ་བོ་རྣམས་ལས་ཁུངས་དེའི་ནང་དུ་བཞུགས་ཡོད། བཙན་བྱོལ་བོད་མི་ལ་མཚོན་ན་ཤེས་རིག་ལས་ཁུངས་ཡིན་ལ། ལས་ཁུངས་འདིས་སྔོན་འགྲོ་ནས་བཟུང་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་སྒྲིག་རྒྱུ། དགེ་རྒན་རྣམས་ལ་སྦྱོང་བརྡར་སྤྲོད་རྒྱུ། ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་བའི་ཕྱག་ལས་གནང་བཞིན་ཡོད་ལ། འདི་ནི་བྱིས་པ་ཞིག་དང་སྤྱི་ཚོགས་ཀྱི་མི་ཞིག་སྤྱི་ཚོགས་ཅན་དུ་སྒྱུར་མཁན་གྱི་གཙོ་གྲས་ཤིག་ཡིན་ལ། ཡང་འདི་ནི་བསམ་བཞིན་འཆར་གཞི་ལྡན་པ་ཡིན་ཡང་མངོན་གསལ་མིན་པའི་རིགས་སུ་གཏོགས།

ཁོང་ཚོས་ལོ་མང་གི་ཉམས་མྱོང་དང་མ་འོངས་པ་སྔོན་གཟིགས་དང་། ཨང་རྩིས་ཀྱི་ལམ་ནས་བསླབ་གཞི་འདི་འདྲ་ཞིག་བསླབ་ན་མ་འོངས་པ་བྱིས་པ་དེ་འདི་འདྲ་ཞིག་ཡོང་བར་གདེང་ཚོད་ཀྱིས་བསླབ་གཞི་དེ་དག་སྒྲིག་པ་རེད། དེ་བས་དགེ་རྒན་ནི་དེ་ལག་བསྟར་བྱེད་མཁན་དང་དང་ཁྱིམ་ཚང་དང་རྩེད་ར་སོགས་ཀྱང་དེ་སྦྱོང་བརྡར་བྱེད་ས་ལྟ་བུ་ཞིག་རེད།

མཐའ་དོན། འོ་མ་སྟོང་དཀྲུགས་མར་ལྡོག་ཅེས་པ་ལྟར། བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་ཉི་ཤུ་རྩ་གཅིག་འཁོར་བའི་དགའ་སྟོན་ཉིན་མོ་དེ་དག་ལ། དཔེ་སྟོན་སློབ་གྲྭ་དབུས་པའི་གངས་ཅན་སྐྱིད་གཤོངས་ཀྱི་བྱིས་པ་ཡོད་དོ་ཅོག་ནི་གཅིག་ལས་གཅིག་ལས་གླུ་ལེན་པར་དགའ་བ་དང་། གཅིག་ལས་གཅིག་གཞས་འཁྲབ་པར་བྱང་བ། དེ་བཞིན་ལེན་དགོས་ན་འཁྲབ་དགོས་ན་ཆུ་རྒྱུག་རྒྱུག་ལྟར་ཐོགས་པ་མེད་པ། བོད་ཀྱི་བདུན་ཕྲག་སྲུང་བརྩིའི་སྐབས་སུ་གར་སྟེགས་དེ་ནི་དྭངས་བླངས་ཡིན་པས་བྱིས་པ་རྣམས་ཀྱིས་གར་སྟེགས་རྩོད་རེས་ཀྱིས་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་། དེར་ཡོད་པའི་ཕ་རྒན་ཞིག་གིས་ཨ་མ་མ་དེང་སང་བྱིས་པ་དེ་ཚོའི་སྤོབས་པ་ང་ཚོ་དང་འདྲ་བ་མི་འདུག རྦད་དེ་ཁྱོད་ཡིན་ང་ཡིན་རེད་ཟེར་བཞིན་གདོང་ལ་དགའ་བའི་ཉམས་ཤིག་ཤར་འདུག

དེ་ལས་ཀྱང་ཡིད་དུ་འོང་བ་ཞིག་ནི། སྒོར་གཞས་ཀྱི་སྒྲ་དབྱངས་གྲགས་མ་ཐག་བྱིས་པ་ཚོ་ནི་རྒྱ་མཚོའི་རྦ་རླབས་འཕྱུར་བ་ལྟར། བྱིས་པ་ལོ་གཅིག་ཅན་གོམ་པ་སྤོ་ཐུབ་ཙམ་དེ་དག་གིས་ཀྱང་ལག་གཉིས་ཡར་བཀྱགས་ནས་མགོ་དང་གོམ་པ་ལྡེམ་ཙམ་ལྡེམ་ཙམ་བྱས།

ད་དུང་། དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དགའ་སྟོན་གྱི་ལེའུ་དག་ནི་བོད་ཀྱི་རྒྱལ་གླུ་ནས་འགོ་ཚུགས་ཏེ་སྙན་ངག་གྱེར་འདོན། རོལ་ཆ་དཀྲོལ་རྒྱུ། གཞས་སྣ་འཁྲབ་སྟོན་སོགས་ཧ་ཅང་སྣ་འཛོམས་པོ་འདུག་ལ། སྔོན་འགྲོ་གཉིས་པའི་བྱིས་པ་ལོ་བཞི་ཅན་དེ་དག་ཀྱང་མཉམ་ཞུགས་ཡོད་པ་མ་ཟད་གདེང་ཚོད་དང་དགའ་སྣང་། སྤོབས་པ་བཅས་ཀྱིས་ཁེངས་ཡོད་སྟབས་ལྟད་མོ་བ་ང་ལ་ལ་སྨྲ་བསམ་བརྗོད་འདས་ཀྱི་དགའ་སྣང་ཞིག་སྤྱིན་སོང་། དེའི་རྒྱབ་ལྗོངས་ཀྱི་བཟོ་གྲྭ་ལྟ་བུའི་སློབ་གྲྭ། དགེ་རྒན། ཁྱིམ་བདག སྤྱི་ཚོགས་དྲ་ལམ་གྱི་མཐུན་རྐྱེན་བཟང་པོ་ལ་སོགས་པ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

རྒྱལ་ཁབ་ཅིག་སྲ་བརྟན་ལ་གཏོང་དགོས་ན། རྒྱལ་ཁབ་ཅིག་སླར་ཡང་བསྐྱར་གསོ་དགོས་ན། མི་རིགས་ཤིག་གི་འདུ་ཤེས་སྲ་བརྟན་གཏོང་དགོས་ན། མི་རིགས་ཤིག་གི་ལ་རྒྱ་སྙིང་དབུས་སུ་ཡོད་དགོས་ན། ཡུལ་གྱར་བ་ཚོ་གཞན་ཡུལ་ནས་མུ་མཐུད་གནས་དགོས་ན། ཡོད་ཚད་བཟོ་གྲྭ་འདི་དག་ལ་རག་ལས་པས། བཟོ་གྲྭ་འདི་དག་གཅིག་ལ་གཅིག་བརྟེན་དང་གཅིག་ལས་གཅིག་བྱུང་གི་ངོ་བོ་ཡིན། སྲ་བརྟན་དང་འདུ་ཤེས་དེ་ཉིད་ཡང་ཉིན་རེའི་འཚོ་བའི་ནང་ཟ་འཐུང་གི་དབར་དང་། གླུ་དང་གར་གྱི་ཁྲོད། རང་སྲོལ་གྱི་གོས་དང་རྒྱན་ཆ་བཏགས་ནས། གཏམ་དང་ཁ་བརྡའི་ཁྲོད་ནས་སྤེལ་ཐུབ་པ་ཞིག་རེད་ལ། ཐབས་ལམ་འདི་ནི་ཆེས་བརྟན་བརླིང་དང་ཆེས་ལས་སླ་བའི་ལམ་བུ་ཞིག་ཀྱང་ཡིན་པ་མ་འོངས་བོད་ཀྱི་སོན་རྩ་འདི་དག་གི་བྱེད་སྒོ་འདི་གཉིས་ལས་ཁྱིམ་བདག་ཕ་མ་དང་། སློབ་གྲྭའི་དགེ་རྒན། རྩེད་རོགས། སྤྱི་ཚོགས་དྲ་ལམ་བཀོལ་སྤྱོད་སོགས་ཕྱོགས་ཡོངས་ནས་འཕྱར་གྲུ་མཉམ་འདེགས་གནང་འདུག་པའི་མཐོང་སྣང་བྱུང་བས་བསམ་ཚུལ་ཐུང་ཐུང་འདི་སྤེལ་བ་ཡིན།

The post བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ། appeared first on བོད་ཀྱི་དུས་བབ།.

Original Article