བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

1 week ago

དེ་རིང་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཟུང་འབྲེལ་ཐོག་བོད་ཀྱི་ཡིག་གཟུགས་ཀྱི་འགྲེམས་སྟོན་ཞིག་བྱེད་ཀྱིན་ཡོད་ཅིང་། ཡིག་གཟུགས་དེ་དག་གི་ཁྲོད། གཟབ་ཆེན་གཟབ་ཆུང་དང་། འབྲུ་ཆེན། འབྲུ་ཆུང་། འཁྱུག་བྲིས། སྡེབ་བྲིས། ཚུགས་རིང་། ཚུགས་ཐུང་སོགས་འདུག

དེ་དག་དང་འབྲེལ་ནས་དཔལ་སྤུངས་ཤེས་རབ་གླིང་མཐོ་སློབ་ཀྱི་རིག་གནས་ཆེ་ཆུང་ཚན་པའི་འགན་འཛིན་དང་དགེ་རྒན་ཀརྨ་དབང་གྲགས་ལགས་ཀྱིས་འདི་གའི་གསར་འགོད་པར།  དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཁང་གིས་རེ་སྐུལ་ཞུས་པ་ལྟར། གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། རྩ་བའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དེ་ཀུན་མཁྱེན་སི་ཏུ་པཎ་ཆེན་གྱི་སྐབས་ལ་བོད་ཀྱི་རིག་པའི་གནས་བཅུ་ཡི་ལྟེ་གནས་ཆེན་པོ་ཞིག་ཆགས་ཡོད་རེད། ད་ལྟའང་འཇམ་མགོན་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་མཆོག་གིས་སི་ཏུ་པཎ་ཆེན་གྱི་མཛད་པ་རྒྱུན་སྐྱོང་གི་ཐོག་ནས། གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་བོད་ཀྱི་ཆོས་རིག་དང་ཡིག་གཟུགས་སོགས་ལ་ལོ་མང་སྔོན་ནས་བསླབ་པ་སློབ་གཉེར་དང་། ན་ནིང་༧རྒྱལ་བའི་གོ་སྟོན་དང་སྟབས་བསྟུན་ནས་དཔལ་སྤུངས་ཤེས་རབ་གླིང་དུ་ཡིག་གཟུགས་ཀྱི་འགྲན་བསྡུར་དང་འགྲེམས་སྟོན་ཆེན་པོ་ཞིག་འཚོགས་ཡོད་སྟབས། ད་ལན་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་པ་རེད། ད་ལན་གྱི་འགྲེམས་སྟོན་འདིའི་ནང་བོད་ཀྱི་ཡིག་གཟུགས་ལ་དབྱེ་ན་གསུམ་སྟེ། གཟབ་མ། འབྲུ་མ། བཤུར་མ་བཅས་ཀྱི་ཁོངས་སུ་བསྡུས་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། གཟབ་མ་ལ་གཟབ་ཆེན་གཟབ་ཆུང་དང་། འབྲུ་ཆེན། འབྲུ་ཆུང་། འཁྱུག་བྲིས་སོགས་ཡིག་གཟུགས་དྲུག་ཙམ་འགྲེམས་སྟོན་བྱས་ཡོད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས། བོད་ཀྱི་སྐད་ཡིག་གི་ཆེས་གཉན་ཕྲང་ཅན་གྱི་དུས་སྐབས་འདིར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ནང་ཕེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པའི་རྩ་བ་དགོན་སྡེ་དང་ཆོས་སྡེ་ཁག་གསར་འཛུགས་གནང་ཡོད་པ་ལ་བརྟེན་ནས། ད་ལྟ་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་གསོན་པོར་གནས་པར་བཀའ་དྲིན་ཆེ་ཤོས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆགས་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གྱི་འོག་ནས་འཇམ་མགོན་སི་ཏུ་རིན་པོ་ཆེ་མཆོག་གིས་ཀྱང་༧མགོན་པོ་གང་གི་ཐུགས་དགོངས་སྒྲུབ་སླད། སྔར་གྱི་ལོ་རྒྱུས་སོགས་གཞི་ལ་བཞག་ནས་གདན་སའི་ནང་ཆོས་དང་རིག་གཞུང་གི་ཐོག་ཏུ་འབད་བརྩོན་བྱས་དང་བྱེད་བཞིན་པ་ལྟ་བུ་ཞིག་རེད་ལ། དེ་ལན་གྱི་འགྲེམས་སྟོམ་དེའང་དེའི་ཆ་ཤས་ཤིག་རེད། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་། ཡིག་གཟུགས་དེའང་ཡི་གེ་བྲི་རྒྱུ་ཁོ་ན་མིན་པར། བོད་སྨྱུག་དང་བོད་ཤོག་བཟོ་སྟངས། བོད་ཀྱི་ཡིག་གཟུགས་ཀྱི་རྣམ་གྲངས་མང་པོ་དང་ཆ་ཤས་སོགས་གཏིང་ཟབ་པོ་ཡོད་པ་རྣམས་ལ་སློབ་གཉེར་གནང་ན། བོད་ཀྱི་རིག་གཞུང་ཕྱུག་པོ་ཡིན་པ་ཤེས་རྟོགས་བྱུང་བའི་ཁར། ཉག་ཕྲ་བའི་དུས་སྐབས་འདིར་འགྲེམས་སྟོན་འདི་བརྒྱུད་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་ངེས་ཤེས་ཤིག་རྙེད་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས།  དེ་རིང་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་གཙི་ཞུས་དང་ཞུ་མུས་རེད་ལ། ཉིན་མོ་དེ་ནི་བོད་ནང་ཤེས་ཡོན་པ་དག་གི་བར་གོ་བསྡུར་བྱུང་རྗེས། བོད་ཡིག་ལ་དབྱངས་བཞི་དང་གསལ་བཤད་སུམ་ཅུ་ཡོད་པ་ལ་བརྟེན་ནས། ཕྱི་ཟླ ༤ ཚེས་ ༣༠ ཉིན་མོ་དེ་བོད་ཀྱི་ཡིག་གཟུགས་ཉིར་མོར་སྲུང་གཙི་ཞུ་ཡི་ཡོད་པ་རེད། བོད་ཀྱི་སྐད་ཡིག་དེ་བྱུང་ནས་མི་ལོ་གཅིག་སྟོང་སུམ་བརྒྱ་ལྷག་ཅིག་འདས་ཡོད་པས།  ལོ་རྒྱུས་ཐོག་ནས་བལྟས་ཀྱང་ལོ་རྒྱུས་རིང་པོ་དང་བོད་ཀྱི་ངོ་བོ་མཚོན་ཐུབ་པའི་སྐད་ཡིག་གལ་ཆེན་ཞིག་ཆགས་ཡོད་རེད། ད་ལན་དམིགས་བསལ་གྱི་འགྲེམས་སྟོན་སྟེང་གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་དེང་དུས་ཀྱི་གློག་རྡུལ་ཡིག་གཟུགས་འབྲི་མཁན་ཇོ་ཌི་བྷི་ཌི་མེག་ཀར་( Jo De Baerdemaeker)ལགས་བཅས་དང་ཟུང་འབྲེལ་བྱས་ནས་ཉིན་གྲངས་གཉིས་རིང་གི་ལས་གཞི་ཞིག་བརྩམས་ཡོད། འགྲེམས་སྟོན་དེའི་དམིགས་ཡུལ་གཙོ་བོ་དེ་གནའ་དེང་གཉིས་ཀ་ཟུང་འབྲེལ་གྱི་ཐོག་ནས། ནམ་རྒྱུན་ནས་ལས་ཀ་ག་རེ་བྱས་ཀྱང་མི་རབས་རྒན་གཞོན་གཉིས་ཀྱི་ཟབ་མ་ལྟ་བུ་ཞིག་མཚོན་ཐབས་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་། སྐུ་སྐབས་ཇོ་ཌི་བྷི་ཌི་མེག་ཀར་ལགས་ནི་གློག་རྡུལ་ཡིག་གཟུགས་བཟོ་སྐྲུན་མཁན་ཞིག་ཡིན་ཞིང་། གློག་རྡུལ་ནང་བོད་ཀྱི་ཡིག་གཟུསག་བཟོ་སླད་ཐེངས་གཉིས་བོད་ལ་ཕྱིན་ནས་བོད་ཡིག་གློག་རྡུལ་ཡིག་གཟུགས་བཟོ་ཡི་ཡོད་སྐོར་སོགས་བརྗོད་བྱུང་།

དེ་བཞིན་དེ་རིང་བོད་ནང་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་གཙི་ཞུ་མུས་ཡིན་པ་དང་བསྟུན། སྐབས་གསུམ་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར་གྱི་གཟེངས་སྟོད་མཛད་སྒོ་ཞིག་ཁྲིན་འདུ་དུ་འཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བོད་ཀྱི་ཚོང་དཔོན་ཆེན་པོ་དང་ཨ་རོགས་བོད་པ་ཚོང་ལས་ཁང་གི་སྦྱིན་བདག་པདྨ་དབང་ཆེན་ལགས་ཀྱིས། རིང་ཚད་ལ་མི་ཊར་གཉིས་ཙམ་རེ་ཡོད་པའི་བཀྲ་ཤིས་བདེ་ལེགས་སོགས་བྲིས་པའི་ཤོག་ངོས་རེ་རེར་རྒྱ་སྒོར་ཁྲི་ ༢༦ རེ་སྤྲད་ནས་ཁྱོན་ཤོག་ངོས་གསུམ་ལ་རྒྱ་སྒོར་ཁྲི་ ༧༨ སྤྲད་ནས་ཉོས་རྗེས། ཁོང་གིས་སྡིངས་ཆའི་སྟེང་ནས་སྐད་གསེང་མཐོན་པོས། བོད་ཡིག་འདི་ནི་ང་ཚོར་མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དཀའ་ལས་བརྒྱབ་ནས་བཞག་པའི་རིག་གནས་ཤིག་རེད། ལོ་ཆུང་བ་རྣམས་ཀྱིས་རྒྱུན་འཛིན་བྱ་རྒྱུ་ནི་མེས་པོ་གོང་མ་རྣམས་ལ་དྲིན་ལན་འཇལ་བའི་ཆེས་ལེགས་སྐྱེས་ཡག་ཤོས་དེ་རེད། ཅེས་བརྗོད་འདུག་ལ། ཁོང་གི་སྐད་ཆ་དེ་བོད་ནང་གི་དྲ་ལམ་ཁག་ཏུ་ཁྱབ་སྤེལ་ཤུགས་ཆེན་པོ་འགྲོ་བཞིན་འདུག  

ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་བོད་ཡིག་དབྱངས་གསལ་སོ་བཞིའི་མཚོན་དོན་ལྟར་ལོ་རེའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་གནང་སྟེ་བོད་ཆོལ་ཁ་གསུམ་ནས་སྲུང་གཙི་བྱ་རྒྱུའི་ཐག་གཅོད་བྱུང་ནས། ལོ་ལྟར་ཕྱི་ཟླ ༤ ཚེས་ ༣༠ ཉིན་བོད་གཞིས་བྱེས་གཉིས་སུ་བོད་ཀྱི་ཡིག་གཟུགས་འགྲན་སྡུར་དང་། འགྲེམས་སྟོན། བོད་ཡིག་འབྲི་བ་སོགས་ཀྱི་ལམ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་གཙི་ཞུས་དང་ཞུ་མུས་ཡིན། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article