བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག

4 hours ago

སློབ་གྲྭའི་བརྡ་ཁྱབ་ཅིག་དང་“ལྟ་བ་ལྔ“ཡི་སློབ་དེབ་ཟིན་བྲིས་ཤིག་ལས། པེ་ཅིན་གྱི་ལངས་ཕྱོགས་ལས་འགུལ་དེ་བོད་ཀྱི་སློབ་ཁང་ནང་ཇི་ལྟར་ཁྱབ་ཡོད་པ་མངོན་གསལ་དོད་པོར་མཐོང་ཐུབ།

བོད་ནང་གི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པའི་ཡི་གེ་འབྲི་དགོས་པའི་བཀའ་ཕབ་ཅིང་། ཡི་གེ་དེ་དག་མ་བསྡུས་གོང་འཛིན་གྲྭའི་དགེ་རྒན་གྱིས་ཞིབ་བཤེར་བྱས་ནས་མིང་རྟགས་འགོད་དགོས་པ་རེད། གནས་ཚུལ་འདི་ནི་ཐོག་མར་སྐད་འཕྲིན་ཐོག་ཁྱབ་སྤེལ་བྱུང་ཞིང་། རྗེས་སུ་ X ཐོག་ “Lhasa Spring” ཞེས་པའི་ཁ་བྱང་ཐོག་སྤེལ་བའི་བརྡ་ཁྱབ་ཀྱི་བརྙན་རིས་ཤིག་ལས་ཤེས་རྟོགས་བྱུང་།

ཡིག་ཆ་དེ་དག་ནི་བོད་ནང་གི་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས་ཕྱིར་བསྒྲགས་བྱས་པ་ཡིན་ཚུལ་བཤད་ཡོད། སློབ་མ་དེས་བཤད་དོན་ལྟར་ན། གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་ཀྱིས་གཟའ་འཁོར་རེ་རེར་རྒྱ་གཞུང་ལ་བློ་དཀར་བའི་ཁས་ལེན་དང་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པའི་རྩོམ་ཡིག་ཐུང་ངུ་ཞིག་འབྲི་དགོས། དེ་མིན་གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་ཚོའི་ཁྲོད་ནས་རེ་ཟུང་གིས་སྐུ་ཚབ་བྱས་ནས་རྒྱ་གཞུང་ལ་བློ་དཀར་བའི་གཏམ་བཤད་བྱས་ཏེ། བོད་རང་བཙན་དང་ཧོང་ཀོང་གི་གནད་དོན་ཐད་ལངས་ཕྱོགས་གསལ་པོ་འཛིན་དགོས་ཞེས་སློབ་མ་དེས་བཤད་འདུག

སློབ་མ་དེས་ད་དུང་བཤད་དོན་ལྟར་ན། ལོ་ལྟར་ ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཟླ་བ་སྟེ་ཕྱི་ཟླ་གསུམ་པའི་ནང་སློབ་ར་ནས་ཕྱི་ལ་ཐོན་རྒྱུར་ཚོད་འཛིན་བྱས་ནས།  སློབ་མ་རྣམས་སློབ་རའི་སྒོར་ཐོན་པར་འཛིན་གྲྭའི་དགེ་རྒན་དང་། ཆབ་སྲིད་སློབ་སྟོན་པ། སྡེ་ཚན་འགན་འཛིན་བཅས་གསུམ་གྱི་མིང་རྟགས་དགོས་པ་རེད།

བརྡ་ཁྱབ་དེ་ “རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ” ཅེས་པའི་ཁ་བྱང་འོག་བཏང་ཡོད་ཅིང་། དེའི་ནང་སློབ་གྲྭའི་ལས་བྱེད་རྣམས་ཀྱི་གོ་སྒྲིག་འོག་སློབ་མ་རྣམས་ཀྱིས་ “ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཁག་གི་ལོག་སྤྱོད་ཀྱི་ངོ་བོ་ཞིབ་ཏུ་ཐེར་འདོན་དང་སྐྱོན་བརྗོད” བྱེད་དགོས་ཞེས་བཀོད་འདུག

སློབ་མ་རེ་རེས་ངེས་པར་དུ་ “ལངས་ཕྱོགས་གསལ་སྟོན་གྱི་གཏམ་བཤད་ཡི་གེ” (表态发言稿) ཞིག་འབྲི་དགོས་ཤིང་། ཁ་ཤས་ཀྱིས་དེ་ཚོགས་ཐོག་ཏུ་ཀློག་དགོས། ཡི་གེ་རེ་རེའི་ནང་སློབ་མ་རྣམས་ཀྱིས་ “ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཁག་གི་ལོག་སྤྱོད་ངོ་བོར་ངོས་འཛིན” དང་། “ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཁག་ལ་འཐབ་རྩོད་ཇི་ལྟར་བྱེད་དགོས་པ” གསལ་པོ་འཁོད་དགོས། འཛིན་གྲྭའི་དགེ་རྒན་གྱིས་ཡི་གེ་རེ་རེར་ཞིབ་བཤེར་བྱས་ནས་མིང་རྟགས་འགོད་དགོས་ཤིང་། དེ་རྗེས་སྡེ་ཚན་ནས་བསྡུ་རུབ་བྱས་ཏེ་དུས་བཀག་ནང་སྤྲོད་དགོས། འདི་གའི་གསར་ཁང་གི་ལག་སོན་བྱུང་བའི་པར་དེའི་ནང་ཚེས་གྲངས་དང་བསྡུ་རུབ་བྱེད་མཁན་ལས་ཁུངས་ཀྱི་མིང་ནག་བསུབ་བཏང་འདུག

བརྡ་ཁྱབ་དེའི་ནང་སློབ་མ་རྣམས་ཀྱིས་ཅི་ཞིག་བསམ་དགོས་པའང་བསྟན་ཡོད། དེའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནི་ “བོད་རང་བཙན” གྱི་ཇུས་ངན་འདིང་མཁན་ཁ་བྲལ་རུ་ཁག་གི་ “མགོ་ཁྲིད་གཙོ་བོ” དང་། ” རྒྱལ་སྤྱིའི་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ལག་ཆ་ཡིན་པ”། “བོད་དུ་སྤྱི་ཚོགས་ཟིང་འཁྲུག་བཟོ་བའི་རྩ་བའི་འབྱུང་ཁུངས”། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་གྱི་ “འགོག་རྐྱེན་ཆེ་ཤོས”། ” གྲྭ་ཆས་གྱོན་པའི་ “ཆབ་སྲིད་པ་བཅས་བརྗོད་ཡོད་འདུག

གོང་གི་བརྡ་ཁྱབ་ཀྱི་ཚིག་སྦྱོར་དེ་སློབ་དེབ་ཟིན་བྲིས་ཤིག་དང་ཧ་ལམ་གཅིག་མཚུངས་ཡིན། སློབ་དེབ་དེའི་དཀར་ཆག་དེ་ཡང་སྐད་འཕྲིན་ཐོག་ཐོན་རྗེས་ X ཐོག་བརྒྱུད་སྤེལ་བྱས་འདུག  དེའི་ཁ་བྱང་ནི་《མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གཞུང་ལྟ་བ། ཆོས་ལུགས་ལྟ་བ་བཅས་དང་དེ་དག་བོད་དུ་ལག་ལེན་བསྟར་བའི་སྤྱི་བཤད》ཅེས་འཁོད་ཡོད། རྩོམ་སྒྲིག་པ་ནི་ཕུར་བུ་ཚེ་རིང་ (普布次仁) དང་བཀྲ་ཤིས་ (扎西) གཉིས་ཡིན་ཞིང་། ༢༠༢༢ ལོའི་ཟླ་ ༨ པར་བསྐྱར་བཅོས་ཟིན་བྲིས་ཞེས་འཁོད་ཡོད། བརྗོད་གཞི་ལྔ་པོ་འདི་དག་ལ་ “ལྟ་བ་ལྔ” (五观) ཞེས་འབོད་ཅིང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་སློབ་མ་ཚོར་སློབ་ཁྲིད་བྱ་འདོད་པ་དེ་རེད།

ཡིག་ཆ་དེ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་ཀྱིས་རྒྱ་རིགས་སློབ་མས་སློབ་སྦྱོང་བྱེད་པའི་ཆབ་སྲིད་སློབ་ཚན་གྱི་སྟེང་ “ལྟ་བ་ལྔ” ཡི་སློབ་ཚན་འཕར་མ་འདི་སློབ་དགོས། སློབ་ཚན་དེ་དགེ་རྒན་དང་ཆབ་སྲིད་སློབ་སྟོན་པ་ (辅导员) མཉམ་དུ་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། ཆབ་སྲིད་སློབ་སྟོན་པ་དེ་དག་ཉེན་རྟོག་པ་རེད་ཅེས་སློབ་མ་དེས་བཤད་འདུག

དཀར་ཆག་ལྟར་ན་སློབ་དེབ་ལ་ལེའུ་ལྔ་དང་ཤོག་གྲངས་ ༢༢༠ ཡོད། ལེའུ་རེ་རེའི་ནང་མར་ཁེ་སིའི་རིང་ལུགས་ཀྱི་ “ལྟ་བ” རེ་བཀོད་ནས། ཞི་ཅིན་ཕིན་གྱི་མགོ་ཁྲིད་འོག་གུང་ཁྲན་ཏང་གིས་སློབ་ཚན་འདི་ “གོང་སྤེལ” བྱས་པ་དང་། དེ་ “བོད་དུ་ལག་ལེན་བསྟར་བ་” གསལ་བཤད་བྱས་ཡོད།

རྒྱལ་ཁབ་ཀྱི་ལེའུ་ནང་ “ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཇེ་ཟབ་ཏུ་གཏོང་བ” ཡི་སྐོར་ཡོད། དེ་མིན་ “རྒྱལ་ཁབ་དོ་དམ་བྱེད་ན་ངེས་པར་དུ་ས་མཚམས་དོ་དམ་བྱེད་དགོས། ས་མཚམས་དོ་དམ་བྱེད་ན་སྔོན་ལ་བོད་ཁུལ་བརྟན་བརླིང་བཟོ་དགོས” ཞེས་པའི་ཐབས་ཇུས་དྲངས་ཡོད་ཅིང་། བོད་མི་རྣམས་ “རྒྱལ་ཁབ་ཀྱི་མངའ་ཁུལ་སྲུང་སྐྱོབ་བྱེད་མཁན” དུ་འགྱུར་དགོས་ཞེས་སྐུལ་འདེད་བྱས་ཡོད།

ལོ་རྒྱུས་ཀྱི་ལེའུ་ནང་བོད་ནི་ “གནའ་སྔ་མོ་ནས་རྒྱ་ནག་དང་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཞིག་ཡིན” ཞེས་བཀོད་ཡོད། ས་བཅད་ཅིག་གི་ཁ་བྱང་ལ་ “བོད་རང་བཙན” ནི་ “ཉེ་རབས་ཀྱི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱ་ནག་ལ་བཙན་འཛུལ་བྱས་པའི་ཐོན་དངོས” ཡིན་ཞེས་འཁོད་ཡོད། ས་བཅད་གཞན་ཞིག་གི་ནང་སློབ་མ་རྣམས་ལ་ “ལོ་རྒྱུས་མེད་པར་ལྟ་བའི་རིང་ལུགས་ (历史虚无主义) ལ་ཐེ་ཚོམ་ཟ་ཞིང་ངོ་རྒོལ་བྱེད” དགོས་ཞེས་ཉེན་བརྡ་བཏང་ཡོད། ཚིག་དེ་ནི་ཏང་གི་ལོ་རྒྱུས་བཤད་སྟངས་དང་མི་མཐུན་པའི་ལོ་རྒྱུས་བཤད་པ་ལ་གོ་བ་ཡིན།

མི་རིགས་ཀྱི་ལེའུ་ནང་ “ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་བཟོ་བ” དེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་ “སྙིང་པོ” ཡིན་ཞེས་བཤད་ཡོད། ཆོས་ལུགས་ཀྱི་ལེའུ་ནང་ཆོས་ལུགས་ “རྒྱ་ནག་ཅན་དུ་བསྒྱུར་བ” དང་། གུང་ཁྲན་ཏང་གིས་“ཆོས་ལུགས་ལས་དོན་ཡོངས་རྫོགས་སྟངས་འཛིན་བྱེད་ཕྱོགས་”སྐོར་བཀོད་ཡོད།

“ལྟ་བ་ལྔ” ཡི་ལས་འགུལ་དེ་གོང་རིམ་ནས་ཡོང་བ་ཞིག་རེད། ༢༠༢༠ ལོའི་ཟླ་ ༨ པར་འཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ “བོད་ས་གནས་མེས་རྒྱལ་དང་འབྲེལ་བའི་ལོ་རྒྱུས་སློབ་གསོ་ཇེ་ཟབ་ཏུ་གཏོང་དགོས” ཞེས་བཤད། དེ་མིན་མི་རིགས་ཁག་གི་མི་མང་རྣམས་ལ་རྒྱལ་ཁབ་དང་། ལོ་རྒྱུས། མི་རིགས། རིག་གཞུང་། ཆོས་ལུགས་བཅས་ཀྱི་ཐད་ “ཡང་དག་པའི” ལྟ་བ་འཛུགས་པར་ལམ་སྟོན་བྱེད་དགོས་ཞེས་ཀྱང་བཤད། རྗེས་སུ་གུང་ཁྲན་ཏང་གི་ལྟ་གྲུབ་དྲ་ཚིགས་ (理论网) ཡིས་བོད་ཀྱི་ལས་དོན་ནང་ “རྒྱལ་ཁབ་ཀྱི་ལྟ་བ” ཡི་སྙིང་པོ་ནི་ “གནའ་སྔ་མོ་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན” ཞེས་པའི་བཤད་སྟངས་དེ་ཡིན་ཞེས་འགྲེལ་བཤད་བྱས། ཞི་ཅིན་ཕིན་གྱི་བཀའ་དེ་སློབ་ཆེན་གྱི་སློབ་ཚན་ཞིག་ཏུ་བསྒྱུར་བའི་འབྲས་བུ་ནི་སློབ་དེབ་དེ་ཡིན་པ་འདྲ། སློབ་དེབ་དེ་ཞི་ཅིན་ཕིན་གྱི་ལྟ་བ་ལྔའི་གོ་རིམ་ཇི་བཞིན་བསྒྲིགས་ཡོད་ལ། དེའི་ལོ་རྒྱུས་ཀྱི་ལེའུ་ནང་བཤད་སྟངས་གཅིག་པ་གཅིག་རྐྱང་བཀོད་འདུག

གོང་གི་ཡིག་ཆ་གཉིས་ཀྱིས་ལྟ་བ་ལྔ་ཡི་ལས་འགུལ་དེའི་ཆ་ཤས་གཉིས་མཚོན་ཡོད། སློབ་དེབ་ཀྱིས་ལྟ་གྲུབ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། བརྡ་ཁྱབ་དེའི་ནང་སློབ་མ་རེ་རེས་རྒྱ་གཞུང་ལ་བློ་དཀར་བའི་རྩོམ་ཡིག་འབྲི་དགོས་ཤིང་། སྐུ་ཚབ་རེ་ཟུང་གིས་གཏམ་བཤད་སྤེལ་དགོས་པ། དེ་ལ་དགེ་རྒན་གྱིས་ཞིབ་བཤེར་དང་བཅས་མཚན་རྟགས་བཀོད་པ་དུས་བཀག་ནང་སྡེ་ཚན་གྱི་ལས་ཁུངས་སུ་སྤྲོད་ཐུབ་དགོས་སྐོར་བཀོད་འདུག

མིང་རྟགས་བཀོད་པའི་ “ལངས་ཕྱོགས་གསལ་སྟོན” (表态) ནི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གི་ཆབ་སྲིད་ལས་འགུལ་ཁག་གི་ཆ་ཤས་ཤིག་ཡིན། བོད་ཀྱི་སློབ་མ་རྣམས་ལ་༸གོང་ས་མཆོག་ལ་སྐྱོན་བརྗོད་ཡི་གེ་འབྲི་རུ་འཇུག་པ་ནི།  བོད་ཀྱི་མི་རབས་གསར་པར་རང་གི་ནང་མི་ཚོས་གོང་དུ་བཀུར་བའི་མི་སྣ་ཞིག་ལ་སྐྱོན་བརྗོད་བྱེད་པར་སྐུལ་མ་བྱེད་པའི་གནས་སྟངས་སྐྱི་གཡའ་བ་ཞིག་རེད།

བོད་ཀྱི་དུས་བབ་ཀྱིས་སྤེལ།

The post བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག appeared first on བོད་ཀྱི་དུས་བབ།.

Original Article