བོད་ནག་ཆུ་ཁུལ་གྱི་དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་རུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༡༠ སྐར་མ་ ༣༣ ཐོག་བོད་ནག་ཆུ་ཁུལ་གྱི་སྦྲ་ཆེན་རྫོང་ཁོངས་ཀྱི་དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་རུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག ས་ཡོམ་གྱི་ཆ་སྙོམས་ཟབ་ཚད་སྤྱི་ལེ་ ༡༠ ཡིན་པ་དང་། ས་ཡོམ་ལྟེ་གནས་ཀྱི་སྤྱི་ལེ་ ༥ ཡི་ཁྱབ་ཁོངས་ནས་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་ ༤༨༦༤ ཡིན་འདུག ས་ཡོམ་ལྟེ་གནས་ནི་འཕྲེད་ཐིག་བྱང་མའི་ ༣༢.༤༠ དང་གཞུང་ཐིག་ཤར་མའི་ ༩༣.༧༩ ཡི་མཚམས་སུ་འཁེལ་ཡོད་འདུག
ནག་ཆུའི་ས་ཡོམ་རོགས་སྐྱོར་བཀོད་འདོམས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་དེའི་ཁྲོད་མི་གྲངས་ ༡༦ རྐྱེན་འདས་ཕྱིན་ཡོད་པ་དང་། རྨས་སྐྱོན་བྱུང་བའི་མི་ ༤༦ ཁྲོད་ནས་མི་གྲངས་ ༡༡ རྨས་སྐྱོན་ཆེན་པོ་བྱུང་ཡོད་ཅིང་། མི་གྲངས་ ༣༥ རྨས་སྐྱོན་ཡང་མོ་བྱུང་འདུག དེ་བཞིན་ཁང་པ་ ༣༣༩ དང་ཕྱུགས་ར་ ༢༠ རྡིབ་སྐྱོན་གྱིས་གྱོང་གུད་ཕོག་ཡོད་འདུག
ས་ཡོམ་བྱུང་རྗེས་ས་ཡོམ་ཕྱི་མ་ཐེངས་ ༥༠༡ བྱུང་ཡོད་པ་དང་དེའི་ཁྲོད་ཚད་རིམ་མཐོ་ཤོས་ ༤.༣ ཡིན་པའི་གནས་ཚུལ་འདུག
སྦྲ་ཆེན་རྫོང་གི་མྱུར་སྐྱོབ་དོ་དམ་འགན་འཛིན་གཞོན་པས་བརྗོད་པ་ལྟར་ན། སྦྲ་ཆེན་རྫོང་གི་གྲོང་རྡལ་དང་ཡུལ་ཚོ་ ༧ ཚང་མར་ས་ཡོམ་བྱུང་ཡོད་པ་དང་། དེའི་ཁྲོད་ས་ཡོམ་བྱུང་ཡུལ་གྱི་ལྟེ་གནས་གཙོ་བོ་ནི་དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་གཉིས་ཀྱི་ས་མཚམས་ཡིན་པས། ཡུལ་ཚོ་དེ་གཉིས་ལ་གནོད་སྐྱོན་ཆེ་ཤོས་ཐེབས་ཡོད་འདུག
དེ་རིང་ཞོགས་པར། ས་གནས་ཀྱི་ཆུ་ཚོད་ ༡༠ ཕྱེད་ཀ་ཙམ་ལ། ས་ཡོམ་དེའི་ཁྲོད་མི་གྲངས་ ༡༦ རྐྱེན་འདས་དང་། མི་གྲངས་ ༦༥ ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ཁྲོད་མི་གྲངས་ ༡༡ རྨས་སྐྱོན་ལྕི་མོ་དང་མི་གྲངས་ ༥༤ རྨས་སྐྱོན་ཡང་མོ་བྱུང་འདུག དེ་བཞིན་མི་གྲངས་ ༡༢༤༨༩ བདེ་འཇགས་ས་ཁུལ་དུ་གནས་སྤོ་བྱས་ཟིན་པའི་ཡོད་སྐོར་ཐོན་འདུག
ས་ཡོམ་དེའི་ཁྲོད་ལྷ་ས་དང་། ཉིང་ཁྲི། ཆབ་མདོ་སོགས་སུ་ས་འགུལ་གྱི་ཚོར་སྣང་གསལ་པོ་ཡོད་པ་མི་རྣམས་ཀྱིས་བརྙན་ལས་ནས་ལབ་གླེང་བྱས་པ་དྲ་ལམ་དུ་མཐོང་རྒྱུ་འདུག
ས་ཡོམ་བྱུང་ཡུལ་ནས་སྦྲ་ཆེན་རྫོང་བར་སྤྱི་ལེ་ ༥༧ ཡོད་པ་དང་། སོག་རྫོང་བར་སྤྱི་ལེ་ ༥༩ ། འབྲི་རུ་རྫོང་བར་སྤྱི་ལེ་ ༡༠༣། གཉན་རོང་རྫོང་བར་སྤྱི་ལེ་ ༡༤༤། མཚོ་སྔོན་རྫ་སྟོད་རྫོང་བར་སྤྱི་ལེ་ ༡༥༢ ཡི་བར་ཐག་ཡོད་འདུག
ས་ཡོམ་བྱུང་ཡུལ་སྦྲ་ཆེན་རྫོང་ནི་བོད་ནག་ཆུ་གྲོང་ཁྱེར་དུ་རྫོང་ ༡༠ ཡོད་པའི་ཁྲོད་ཀྱི་གཅིག་ཡིན་ལ། དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་གཉིས་ནི་སྦྲ་ཆེན་རྫོང་དུ་གྲོང་རྡལ་དང་ཡུལ་ཚོ་ ༧ ཡོད་པའི་ཁྲོད་དུ་ཡོད་ལ། དམར་རུ་ཡུལ་ཚོ་ནི་མཚོ་ངོས་ལས་མཐོ་ཚད་ ༤༩༠༠ དང་། གངས་ཆེན་ཡུལ་ཚོ་ནི་མཚོ་ངོས་ལས་མཐོ་ཚད་ ༥༠༠༠ ཡན་ཡིན། ཡུལ་ཚོ་དེ་གཉིས་བར་ལ་རླངས་འཁོར་འགྲིམ་འགུལ་བྱས་ན་ཆུ་ཚོད་གཉིས་ཙམ་གྱི་བར་ཐག་ལས་མེད། དམར་རུ་ཡུལ་ཚོའི་ཁོངས་སུ་རྫ་ཆེན་མདའ་དང་། ཐུབ་ཆེན། བྲག་སུལ་འོག་མ་སོགས་སྡེ་བ་ ༡༨ ཡོད། གངས་ཆེན་ཡུལ་ཚོའི་ཁོངས་སུ་མཚོ་ལུང་དང་། སྐྱ་ཁྲ། སོག་གཞུང་། ལ་དམར་སོགས་སྡེ་བ་ ༡༦ ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་ཡོད་ལ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དང་གདང་ལ་རི་རྒྱུད་ཀྱི་ལྷོ་ཕྱོགས་སུ་གནས་ཡོད། ཤར་དུ་སྟེང་ཆེན་རྫོང་དང་ས་མཚམས་འདྲེས་ཡོད་ལ། བྱང་དུ་མཚོ་སྔོན་གྱི་རྫ་སྟོད་རྫོང་དང་འབྲེལ་ཡོད།
རྒྱ་ནག་གཞུང་གིས་ས་ཡོམ་བྱུང་ཡུལ་དུ་རོགས་རམ་དང་མཐུན་རྐྱེན་སྦྱོར་གྱི་ཡོད་སྐོར་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་འདུག ཉེ་སྔོན་ཕྱི་ཟླ་ ༨ པར་གཞིས་ཀ་རྩེ་ཁུལ་གྱི་སྐྱིད་གྲོང་དང་བལ་ཡུལ་ས་མཚམས་སུ་བྱུང་བའི་ས་རུད་དང་ཆུ་ལོག་གི་སྐབས་དང་འདྲ་བར། བོད་ཁུལ་གྱི་ཚོགས་པ་དང་མི་སྒེར་ལ་རོགས་པ་བྱེད་དུ་བཅུག་གི་མེད་པ་དང་། དྲ་ལམ་གྱི་ཚོང་པ་ཞིག་གིས་རང་ཉིད་ས་ཡོམ་བྱུང་ཡུལ་དུ་རོགས་རམ་བྱེད་པར་ཕྱིན་ཡང་། ས་གནས་སྲིད་གཞུང་གིས་གནས་ཚུལ་དེ་ཙམ་ཚབས་ཆེན་མ་རེད་ཅེས་ཡུལ་དངོས་སུ་འགྲོ་རུ་མ་བཅུག་པར་ཕྱིར་བཏང་བའི་གནས་ཚུལ་དྲ་ལམ་དུ་མཐོང་རྒྱུ་འདུག གླུ་མ་ཧན་ཧུང་གི་ཐེབས་རྩས་ཞལ་འདེབས་རྒྱ་སྒོར་ཁྲི་ ༥༠༠ ཕུལ་ཡོད་པ་དང་། གཞན་བོད་མི་རེ་ཟུང་གིས་དྲ་ལམ་བརྒྱུད་ས་ཡོམ་བྱུང་སའི་ས་ཁུལ་གྱི་ཆེད་པེ་ཅིན་ལི་ཡོས་ཐེབས་རྩ་ཚོགས་པར་ (北京乐予基金会) ཞལ་འདེབས་བརྒྱབ་ཡོད་པའི་བདེན་དཔང་ཡིག་ཆ་དང་སྨོན་ཚིག་བྲིས་ཏེ་སྤེལ་བ་ལས། གནོད་ཐེབས་ས་ཁུལ་དུ་དངོས་སུ་འགྲོ་བ་དང་དྲ་ལམ་བརྒྱུད་ནས་རོགས་རམ་བྱེད་རྒྱུའི་ཐད་ནས་བཀག་འགོག་བྱེད་ཤུགས་ཆེ་བས། དེ་སྔོན་གྱི་སྐྱེ་དགུ་མདོའི་ས་ཡོམ་དང་། དིང་རི་ས་ཡོམ་ལྟར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་པའི་ཚ་རླབས་དེ་མཐོང་རྒྱུ་མི་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།
The post བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག appeared first on བོད་ཀྱི་དུས་བབ།.

