བོད་ནང་རྒྱ་གཞུང་གིས་སློབ་གྲྭ་གསུམ་སྒོ་བརྒྱབ་པས་བོད་ཀྱི་སྐད་ཡིག་ལ་ཉེན་ཚབས
རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་གནོན་ཤུགས་འོག་འདས་པའི་ཟླ་བ་གསུམ་གྱི་ནང་མདོ་སྨད་མགོ་ལོག་ཁུལ་དུ་བཙན་ཤེད་ཀྱིས་བོད་པའི་སློབ་གྲྭ་གསུམ་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ཡོད། སྒོ་བརྒྱབ་པའི་སློབ་གྲྭ་ཁག་ནི། རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་། ར་རྒྱ་འཇིགས་མེད་རྒྱལ་མཚན་གྱི་རྩ་ཐང་བུ་མོའི་སློབ་གྲྭ། དེ་བཞིན་ཇ་སག་སྡེ་པའི་གྲོང་མིས་གཉེར་བའི་སློབ་གྲྭ་བཅས་ཡིན།
དེའི་ཁྲོད་ནས་རྟ་བྲག་དྭ་ཕྲུག་སློབ་གྲྭ་དེ་ནི། ཕྱི་ལོ་ ༢༠༠༥ ལོར་དམ་པ་རྟའུ་བློ་བཟང་དཔལ་ལྡན་མཆོག་དང་ཁོང་གི་སྐུ་ཟླ་གཉིས་ཀྱི་རོགས་རམ་འོག་གསར་འཛུགས་གནང་བ་ཞིག་ཡིན། སློབ་གྲྭ་དེས་དྭ་ཕྲུག་དང་ཉམས་ཐག་དཀའ་ངལ་ཅན་གྱི་སློབ་ཕྲུག་ ༣༠༠ ལྷག་ལ་ལྟ་སྐྱོང་དང་སློབ་གསོའི་གོ་སྐབས་སྐྲུན་ཡོད། སློབ་གྲྭ་དེའི་ནང་བོད་ཡིག་དང་། མཚན་ཉིད་རིག་པ། ཚན་རིག གསོ་བ་རིག་པ། སྐར་རྩིས། ལག་ཤེས། ཐང་ག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སློབ་ཕྲུག་བསྡུ་ལེན་བྱེད་ཀྱི་ཡོད་པས། ལྷག་པར་དུ་འབྲོག་ཁུལ་གྱི་བུ་མོ་ཚོར་སློབ་གསོ་མྱོང་བའི་གོ་སྐབས་ཁྱད་པར་ཅན་ཞིག་ཐོབ་ཡོད། ། ཟླ་བ་བཀྲ་ཤིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ།





