བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༥༦ འཁོར་བ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ནམ་ཡང་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་གཞིས་བྱེས་བོད་མི་མཉམ་འཛོམས་དང་བོད་རང་དབང་རང་བཙན་མ་ཐོབ་པར་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་གདོང་ལེན་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་རྡ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༥༦ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་སྦྲགས། སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་དང་དམིགས་བསལ་སྐུ་མགྲོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ནས་མཉམ་ཞུགས་གནང་སོང་། མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་དེ་བཞིན་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཚོགས་པ་འདིས་བོད་རང་དབང་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ད་བར་ལོ་ངོ་ ༥༦ རིང་དམིགས་ཡུལ་གཅིག་གི་ཐོག་ལ་འཐབ་རྩོད་བྱས་ཡོད་པ་དྲན་སྐུལ་གནང་བ་མ་ཟད། བོད་རང་དབང་རང་བཙན་གྱི་འཐབ་རྩོད་དེ་རྒྱུན་འཁྱོངས་པ་ཡིན་ན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རང་བཞིན་གྱི་སྲུང་སྐྱོབ་ཐུབ་རྒྱུ་ཡིན་པ་གསུངས་སོང་། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་གི་དུས་ཚིགས་དང་བསྟུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་སུ་དུས་ཚིགས་འདི་དང་འབྲེལ་བའི་བརྡ་ལན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་གནས་བབ། དེ་བཞིན་མ་འོངས་པའི་འཆར་གཞི་དང་ལོ་གཅིག་གི་དམིགས་ཡུལ་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུ་སྐབས་ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དུ་རྒྱ་ནག་གཞུང་ལ་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་བ་དང་སྦྲགས། ད་བར་མི་ལོ་ ༥༦ རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་སོང་། མ་ཟད་དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་ཉིན་མོ་དང་བསྟུན་དབུས་བོེད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་དམར་སྲིད་གཞུང་གི་དམ་དྲག་སྲིད་བྱུས་དང་སྡུག་སྦྱོང་མནར་གཅོད་འོག་རྡོག་རྩ་གཅིག་སྒྲིལ་གྱིས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་ཉམས་པ་སླར་གསོ་དང་། མི་ཉམས་གོང་སྤེལ་གཏོང་ཐབས་ལ་འབད་བརྩོན་གནང་དང་གནང་མུས་ཡིན་པ། འདི་ག་བཙན་བྱོལ་རང་དབང་ལུང་པའི་ནང་གནས་བཞུགས་བོད་མི་སྤྱི་སྒེར་རྣམས་ནས་ཀྱང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ད་བར་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། ཞུམ་པ་མེད་པའི་སྤོབས་པ། ཁོང་རྣམས་ཀྱི་མངོན་འདོད་དང་ཞལ་ཆེམས་སོགས་སྙིང་དབུས་སུ་བཅངས་པའི་ཐོག །གཅིག་ནས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐད་ཤུགས་སྣོན་སྔར་ལྷག་ཇེ་ཆེར་རྒྱག་དགོས་རྒྱུ་དང་། གཉིས་ནས་ཕྱི་ནང་དགྲ་གཉེན་ངོས་འཛིན་ཡང་དག་ཐོག་དཔའ་བོའི་ཞལ་ཆེམས་གཞིར་བཟུང་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུའི་ཐད་བོད་མི་སྤྱི་སྒེར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་དགྲ་དམར་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་ཚུན་ཆད་རྩ་གཏོང་དང་ཤུལ་མེད་བཟོས་དང་བཟོ་མུས་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ངོ་རྒོལ་སྐྱོན་བརྗོད་དྲག་པོ་བྱེད་རྒྱུ་དང་། སླད་མ་འོངས་ལོ་ཟླའི་ནང་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་རྒྱུ་མཚམས་འཇོག་དགོས་པ་དང་། ལྷག་པར་བོད་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་བ་དང་མི་རིགས་བསྲེས་ལྷད་གཏོང་བའི་ཁྲིམས་འགལ་གྱི་ཁྲིམས་ཡིག་གསར་པ་དེ་བཞིན་ངེས་པར་ཕྱིར་བསྡུའམ་ཕྱིར་འཐེན་དགོས་པ། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ནམ་ཡང་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་གཞིས་བྱེས་བོད་མི་མཉམ་འཛོམས་དང་བོད་རང་དབང་བཙན་མ་ཐོབ་པར་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་གདོང་ལེན་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་མ་ཟད། སྔར་ལས་གཞི་རྒྱ་ཆེ་བ་དང་ནུས་ཤུགས་ལྡན་པའི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་ལ་བརྡ་ལན་ནན་པོ་བརྗོད་འདུག གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་རྡ་རམ་ས་ལར་དབུ་བརྙེས་པ་དང་། ད་ཆ་ཚོགས་པ་འདིར་ཚོགས་མི་ཁྲི་ ༣ ལྷག་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་དང་རྙིང་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།
The post བོད་རང་དབང་རང་བཙན་མ་ཐོབ་བར་རྒྱ་གཞུང་ལ་གདོང་ལེན་གྱིས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་ནན་བརྗོད། appeared first on vot.





