བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

2 hours ago

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་ཤུགས་ཆེན་བྱུང་ནས་རྨིན་ཅང་གཙང་པོ་དང་། འགྲིམ་འགྲུལ་འགག་པ་སོགས་བྱུང་འདུག

ཁ་སང་ཟླ་༩ཚེས་༡༦ཉིན་གྱི་ཆུ་ཚོད་༨དང་སྐར་མ་༤༠ཙམ་ལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་དང་ཆང་རིགས་རང་སྐྱོང་ཁུལ་མའོ་རྫོང་(茂县) ཏེ་ཞི་གྲོང་རྡལ་ (叠溪镇)གྱི་ཧྲི་ཏ་ཀྭན་(石大关村)སྡེ་བའི་མུའུ་སུའུ་པའོ་ཕུག་ལམ་ (穆肃保隧道) ལས་གཞི་ལག་བསྟར་བྱེད་ཡུལ་དུ་ས་རུད་བྱུང་ཞིང་། ས་རུད་ཀྱི་ཚད་གཞི་ནི་མི་ཊར་གྲུ་བཞི་མ་ཁྲི་༨ཙམ་ཡིན་པ་དང་། དེས་ཁྲོན་ཝུན་གཞུང་ལམ་(川汶高速)ཨང་༢༡༣པའི་ཕྱེད་ཙམ་བཀག་ཡོད་འདུག

རྒྱ་ནག་གི་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་སྐད་འཕྲིན་དྲ་སྟེགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཉེན་ཁར་བརྟག་དཔྱད་ཟབ་མོ་བྱས་ཡོད་པ་དང་། སྔོན་བརྡ་དུས་ཐོག་ཏུ་བཏང་བ། དེ་བཞིན་ས་གནས་ཡུལ་མི་གནས་སྤོ་དང་འགྲིམ་འགྲུལ་བཀག་སྡོམ་སྔོན་ཚུད་ནས་བྱས་ཡོད་པས། གྲོང་གསེབ་དེར་གནས་སྡོད་མི་མང་དང་འཛུགས་སྐྲུན་ལས་མི་བཅས་ཁྱོན་བསྡོམས་མི་གྲངས་ ༢༥༥ ལ་གནོད་སྐྱོན་ཕོག་མེད་ཚུལ་བཀོད་འདུག

དེ་བཞིན་འདི་ལོའི་ཟླ་ ༧ ཚེས་ ༢༡ ཉིན། མའོ་རྫོང་གི་ས་གཤིས་གནོད་འཚེའི་ལྟ་ཞིབ་པས་དུས་བཀག་ལྟར་ཞིབ་བཤེར་བྱེད་སྐབས། ཏེ་ཞི་གྲོང་རྡལ་གྱི་ཤི་ཏ་ཀྭན་སྡེ་བའི་མུ་སུ་པའོ་ཕུག་ལམ་འབྲུ་སའི་རི་ངོས་ནས་བྲག་རྡོ་འགྲིལ་བཞིན་ཡོད་པ་ཤེེས་རྟོགས་བྱུང་ཡོད་པ་དང་། ཟླ་༧ཚེས་༢༥ཉིན། ས་གནས་དེ་གར་ཡང་བསྐྱར་བྲག་རྡོ་འགྲིལ་བ། ཟླ་༨ ཚེས་ ༢༠ ནས་ ༢༤ བར་རིམ་བཞིན་བྲག་རྡོ་འགྲིལ་བའི་དོན་རྐྱེན་བྱུང་བར་བརྟེན། རི་ངོས་སུ་གས་སྲུབས་ཇེ་ཆེར་འགྲོ་བཞིན་པ་ཤེས་རྟོགས་བྱུང་བས། མའོ་རྫོང་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་གྲོང་རྡལ་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་ཉེན་ཁ་ཡོད་པའི་ཁྱིམ་ཚང་ ༤༥ ཡི་མི་ ༡༣༩ དང་། འཛུགས་སྐྲུན་ལས་མི་༡༡༦ བཅས་གནས་སྤོ་བྱེད་དུ་བཅུག་པ་དང་། དུས་མཚུངས་སུ་གཞུང་ལམ་༢༡༣པའི་འབྲེལ་ཡོད་ལམ་དུམ་དང་འཛུགས་སྐྲུན་འགྲོ་ལམ་གྱི་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ། ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ དང་སྐར་མ་ ༤༠ ཙམ་ལ། ས་གནས་དེ་གར་ས་རུད་ཆེན་པོ་ཞིག་བྱུང་ཡོད་སྐོར་རིམ་པར་བཀོད་འདུག

ཁྲོན་ཝུན་མྱུར་འགྲོས་གཞུང་ལམ་ནི་རྔ་བ་ཁུལ་གྱི་ཟུང་ཆུ་རྫོང་ནས་མའོ་རྫོང་དང་། དེ་ནས་ཝུན་ཁྲོན་རྫོང་བཅས་སྦྲེལ་བའི་གཞུང་ལམ་བཟོ་སྐྲུན་གྱི་ལས་གཞི་ཞིག་ཡིན་པ་དང་། དེའི་རིང་ཚད་ལ་སྤྱི་ལེ་ ༢༠༠.༦ ཙམ་ཡོད་འདུག། ས་བབ་ཀྱི་ཆ་ནས་གཞུང་ལམ་འདིའི་གྲུབ་ཆ་ཡི་བརྒྱ་ཆ་ ༩༠.༢ ལྷག་ཟམ་པ་དང་ཕུག་ལམ་ཡིན་པ་རེད། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པར་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་འདི་ལག་བསྟར་བྱེད་པའི་ཆོག་མཆན་ཐོབ་པ་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༠ ཚེས་ ༨ ཉིན་དངོས་སུ་ལས་མགོ་བཙུགས་ཡོད་པ་ཞིག་རེད་འདུག

མའོ་རྫོང་གི་ས་རུད་བྱུང་བའི་ས་གནས་དེ་ཉིད་ ༢༠༠༨ ལོའི་ཝུན་ཁྲོན་ས་ཡོམ་བྱུང་ཡུལ་དང་ཁ་ཐག་ཉེ་ཞིང་། ཁྲོན་ཝུན་མྱུར་འགྲོས་གཞུང་ལམ་གྱི་བརྒྱུད་ལམ་དང་གཅིག་མཚུངས་ཡིན། རྩ་བའི་ཆ་ནས་ཡུལ་དེའི་ས་བབ་ནི་རི་མཐོ་ལུང་ཟབ་ཡིན་པ་དང་། ས་བརྐོ་རྡོ་སློག་མང་པོ་བྱས་ན་ས་རུད་ཡོང་བ་ནི་སྨོས་མེད་ཡིན་ཐོག ས་ཡོམ་གྱི་ཤུགས་རྐྱེན་གྱིས་རི་བོའི་རྨང་གཞི་བསྒུལ་ཡོད་ནའང་། རྒྱ་ནག་གཞུང་གིས་ནུབ་བྱང་ཕྱོགས་ཀྱི་ས་ཁུལ་དེ་དག་ཁྲིན་ཏུའུ་དང་ཧྲང་ཧེ་ཡི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲལ་དུ་ཚུད་པར་འགྲིམ་འགྲུལ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཚུལ་བསྒྲགས་ནས་ཁོར་ཡུག་གཏོར་སྐྱོན་ལ་སྣང་མེད་གཏོང་བཞིན་ཡོད་པ་རེད།

དུས་བབ་གསར་ཁང་གིས་སྤེལ།

The post བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་། appeared first on བོད་ཀྱི་དུས་བབ།.

Original Article