མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཐེ་ཚོམ་རེད་འདུག

2 days ago

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན། སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་ནས་ད་ཆ་ཟླ་བ་དགུ་ལྷག་ཙམ་སོང་ཡོད་པའི་ཁྲོད། འབྲེལ་ཡོད་ནང་མི་དང་། སློབ་མ་སོགས་ཀྱིས་རྒྱ་གཞུང་ལ་མཆོག་སྤྲུལ་མཆོག་གང་དུ་ཡོད་མེད་དང་། སྐུ་གཟུགས་ཀྱི་གནས་སྟངས་སྐོར་གནས་ཚུལ་མཁོ་སྤྲོད་ཡོང་བའི་རེ་སྐུལ་རིམ་པ་བཏོན་ཡོད་ནའང་། གཞུང་འབྲེལ་ལན་འདེབས་ཅི་ཡང་བྱས་མེད་པ་རེད་འདུག དེ་ཡང་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་རྗེས་ད་བར་ཟླ་དགུའི་རིང་། འབྲེལ་ཡོད་ནང་མིས་ས་གནས་རྒྱ་ནག་གཞུང་ལ་ཐེངས་བདུན་ཙམ་ཞུ་གཏུགས་ཀྱིས་ཁོང་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་ཡོང་བའི་རེ་སྐུལ་ཞུས་ཡོད་ཀྱང་། གཞུང་ངོས་ནས་ཁ་གསལ་གྱི་ལན་འདེབས་ཅི་ཡང་གནང་མེད་སྟབས། ད་ཆ་འབྲེལ་ཡོད་ཚོས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གསོན་པོར་གནས་ཡོད་མེད་ཐད་ཐེ་ཚོམ་བྱེད་བཞིན་ཡོད་པ་དང་། ཁོང་དང་འབྲེལ་ཡོད་མི་སྣ་སུས་ཀྱང་ཁོང་གི་གནས་ཚུལ་ཤེས་རྟོགས་མེད་པར་ལྷུང་ཡོད་པ་རེད་འདུག དེ་བཞིན་ཤེས་རྟོགས་བྱུང་བར་གཞིགས་ན།  མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་རྗེས་ཁོང་གིས་བཙུགས་པའི་གཉན་པོ་གཡུ་རྩེའི་སློབ་ཆུང་དང་། རྨ་གཡང་ལྷ་མཁར་ཕྱུག་མོའི་གེ་སར་རིག་གནས་རྒྱུད་སྤེལ་ལྟེ་གནས་ཁང་། གེ་སར་རིག་གནས་རྒྱུན་འཛིན་ཁང་སོགས་རེ་རེ་བཞིན་སྒོ་བརྒྱབ་ཟིན་ཡོད་པ་མ་ཟད། ཚོགས་མི་ཚོར་ཚོགས་པའི་གནས་ཚུལ་སྐོར་ལ་གླེང་སློང་བྱེད་མི་ཆོག་པ་དང་། སྐད་འཕྲིན་ཚོགས་པ་སོགས་ཀྱང་གཏན་དུ་སྒོ་བརྒྱབ་ཡོད་པ་རེད་འདུག ཕྱོགས་མཚུངས་མཆོག་སྤྲུལ་མཆོག་གི་རྒྱ་རིགས་སློབ་མ་རྣམས་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་དུ་འགྲོ་བར་བཀག་སྡོམ་དང་། ས་ཕྱོགས་གཞན་གྱི་མཆོད་མཇལ་བ་སོགས་ཀྱང་འགྲོ་མི་ཆོག་པའི་གནས་སྟངས་རྒྱུན་ལྡན་ལྟ་བུར་གྱུར་ཡོད་སྟབས། ས་གནས་ཀྱི་དད་ལྡན་མང་ཚོགས་དང་། ཁོང་གི་སློབ་རྒྱུན་པ་ཚོར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་རེད་འདུག གཞི་རྩའི་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ནི་ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས་པ་དང་། ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་ཞབས་པད་གཙུག་ཏུ་བཀུར་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་ཡོད་ཅིང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་རྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ་པ་དང་། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་། གཞི་ཆེན་བེ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཟུང་གིས་གཞི་ཆེན་མཆོག་སྤྲུལ་མགོ་སེར་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཡོད་པ་རེད། ཁོང་ནི་གཉན་པོ་གཡུ་རྩེའི་སློབ་ཆུང་གི་སློབ་གཙོ་དང་། རྨ་གཡང་ལྷ་མཁར་ཕྱུག་མོའི་གེ་སར་རིག་གནས་རྒྱུད་སྤེལ་ལྟེ་གནས་ཀྱི་ཚོགས་གཙོ། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ། བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་གི་དགོན་བདག  སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་ཙམ་མ་ཟད། དམངས་གཙོ་དོ་དམ་ཁང་གི་འགན་འཛིན་དང་། ཤར་བླ་རུང་ཉམས་རྟོགས་རང་ཤར་གླིང་གི་གླིང་གཙོ། གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་གཉན་པོ་གཡུ་རྩེ་དགེ་ལས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སོགས་ཀྱི་འགན་བཞེས་མྱོང་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཆོགས་པས་དེ་སྔོན་མཆོག་སྤྲུལ་མཆོག་དང་འབྲེལ་བའི་བསྒྲགས་གཏམ་ཞིག་གི་ཐོག  རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་ཞི་བའི་སྒོ་ནས་སྲུང་སྐྱོབ་བྱེད་མཁན་རྣམས་མི་རིགས་མཐུན་སྒྲིལ་ལ་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་དབང་འཛིན་པ་ཚོས་ད་བར་མཆོག་སྤྲུལ་གང་དུ་བཀག་ཉར་བྱས་ཡོད་མེད་དང་། བཀག་ཉར་བྱེད་པའི་ཁྲིམས་མཐུན་གྱི་གཞི་རྩ། ཁྲིམས་རྩོད་པ་འདེམས་སྒྲུག་བྱེད་པའི་ཐོབ་ཐང་དང་། […]

The post མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཐེ་ཚོམ་རེད་འདུག appeared first on vot.

Original Article