མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

3 hours ago

ད་ལྟའི་འཛམ་གླིང་གི་ས་ཁྲའི་སྟེང་གོ་ལའི་ཚངས་ཐིག་འདབས་ཀྱི་རྒྱལ་ཁབ་རྣམས་ཀྱི་ས་ཁྲ་ཆུང་བ་མངོན་པ་དང་། གོ་ལའི་ལྷོ་བྱང་གི་སྣེ་འཁྲིས་རྒྱལ་ཁབ་རྣམས་ཀྱི་ས་ཁྲ་ཆེ་བ་མངོན་པས། འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ནང་ད་ལྟའི་འཛམ་གླིང་གི་ས་ཁྲའི་སྟེང་དུ་གླིང་ཆེན་ཨ་ཧྥེ་རི་ཁ་གཙོ་བྱས་པའི་རྒྱལ་ཁབ་ཁག་ཅིག་གི་ས་ཁྲའི་རྒྱ་ཁྱོན་ཆུང་ངུ་ལས་མེད་པའི་གནད་དོན་གླེང་བྱུང་བར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ནང་ད་ལྟའི་འཛམ་གླིང་གི་ས་ཁྲར་འགྱུར་བཅོས་དགོས་པའི་གྲོས་ཆོད་ལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༡༦༤ ཡིས་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་དྲུག་གིས་འོས་མ་འཕངས་པ། དེ་བཞིན་ཨ་རི་གཅིག་པུས་དགག་བྱ་བཏོན་ཡོད་འདུག་ལ། ད་ལྟ་འཛམ་གླིང་གི་ས་ཁྲ་གསར་བཟོའི་ལས་གཞི་དེ་ག་དུས་མགོ་འཛུགས་མིན་གསལ་ཁ་མེད་ཀྱང་། ས་ཁྲ་གསར་བ་དེས་འཛམ་གླིང་ལ་མཐོང་སྣང་མི་འདྲ་བ་ཞིག་བསྐྲུན་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས། འཛམ་གླིང་གི་ས་ཁྲའི་སྟེང་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་ས་ཁྲའི་རྒྱ་ཁྱོན་དོན་དངོས་དང་མི་མཐུན་པར་ཆུང་ངུ་ཞིག་ལས་མེད་པ་དེས་མི་རྣམས་ཀྱི་སེམས་ལ་གླིང་ཕྲན་དེ་ནི་ཆུང་ཆུང་ཞིག་ཡིན་པའི་སྣང་ཚུལ་བསྐྲུན་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱིས་དུས་རབས་མང་པོར་ནོར་འཁྲུལ་ཤོར་བའི་གནད་དོན་དེ་དག་བཅོས་བྱ་དགོས་པའི་སྐུལ་མ་ནན་ཏན་བྱས་ཡོད་འདུག

རྒྱལ་ཚོགས་ཀྱི་གྲོས་ཆོད་དེའི་ནང་། ད་ལྟའི་ས་ཁྲ་འདིས་འཛམ་གླིང་ནང་ཨ་ཧྥེ་རི་ཁ་དང་ལྷོ་ཨ་མི་རི་ཁ། ལྷོ་ཤར་ཨེ་ཤ་ཡ་བཅས་ཀྱི་རྒྱ་ཁྱོན་དོན་དངོས་ལས་ཆུང་བ་མངོན་པའི་སེམས་འཚབ་བསླངས་ཡོད་ཅེས་དང་། དེས་སྤྱི་ཚོགས་དཔལ་འབྱོར་གྱི་དོན་དངོས་དང་རྨང་གཞིའི་དགོས་མཁོ། འཕེལ་རྒྱས་ཀྱི་ནུས་པ། དར་རྒྱས་བཅས་ཉུང་དུ་གཏོང་བར་རམ་འདེགས་བྱས་པ་དང་།  དེ་བཞིན་ཁོར་ཡུག་དང་ས་ཁམས་ཆབ་སྲིད། བདེ་འཇགས་བཅས་ཀྱི་ལས་དོན་ཐད་འདྲ་མཉམ་མིན་པས་ཉེན་ཁ་བསྐྲུན་ཡོད་སྲིད་སྐོར་སོགས་བརྗོད་འདུག

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ཇེན་ནོལ་བྷ་རོ་ཊི་ (Jean-Noël Barrot) ལགས་ཀྱིས། ད་ལྟའི་འཛམ་གླིང་གི་ས་ཁྲས་ཨ་རི་དང་ཨུ་རུ་སུ། རྒྱ་ནག་བཅས་ནི་ཨ་ཧྥེ་རི་ཁ་དང་ལྷོ་ཨ་མི་རི་ཁ། ལྷོ་ཤར་ཨེ་ཤ་ཡ་བཅས་ལས་རྒྱ་ཁྱོན་ཆེ་བ་དང་གལ་ཆེན་ཡིན་པར་བསྟན་ཡོད། དེ་ལ་བརྟེན་ནས་མི་རྣམས་ཀྱི་ངོས་འཛིན་བྱེད་ཕྱོགས་ཀྱི་གཞི་རྩར་ཤུགས་རྐྱེན་སྤྲད་ཡོད་ཅེས་བརྗོད་དེ། ཧྥ་རན་སི་ལའང་འཛམ་གླིང་གི་ས་ཁྲའི་སྟེང་གི་རྒྱ་ཁྱོན་ལ་འགྱུར་བ་གཏོང་འདོད་ཡོད་པའི་བསམ་ཚུལ་ཐད་ཀར་བརྗོད་འདུག

ད་ལྟའི་འཛམ་གླིང་གི་ས་ཁྲ་དེ་ལས། ཚངས་ཐིག་ནས་རྒྱང་ཐག་རིང་བའི་བྱང་སྣེ་དང་ལྷོ་སྣེ་ཕྱོགས་ཀྱི་ས་ཁྱོན་ཆེ་རུ་བཀྲམས་ཡོད་པས། ཡུ་རོབ་དང་བྱང་ཨ་མི་རི་ཁ་སོགས་ཀྱི་རྒྱལ་ཁབ་རྣམས་དོན་དངོས་ལས་ཆེ་བ་མངོན་པ་དང་། ཚངས་ཐིག་གི་ཉེ་འདབས་སུ་ཡོད་པའི་ཨ་ཧྥེ་རི་ཁ་དང་ལྷོ་ཨ་མི་རི་ཁ་སོགས་ཀྱི་རྒྱལ་ཁབ་རྣམས་དོན་དངོས་ལས་ཆུང་བ་མངོན་པའི་ཞན་ཆ་བསྐྲུན་ཡོད་འདུག

ད་ལྟའི་འཛམ་གླིང་གི་ས་ཁྲ་མང་པོ་ཞིག་ནི་དུས་རབས་བཅུ་དྲུག་པ་སྟེ། ཕྱི་ལོ་ ༡༥༦༩ ལོར་ཡུ་རོབ་ཀྱི་ས་ཁྲ་བཟོ་མཁན་མར་ཀེ་ཊོར་ལགས་ (Gerardus Mercator) ཀྱིས་བཟོས་པའི་མར་ཀེ་ཊོར་ (Mercator projection) འཆར་འགོད་ལ་གཞི་བཅོལ་ཡོད་ཅིང་། སའི་གོ་ལ་ཚངས་ཐིག་གམ་དཀྱིལ་ཐིག་གཅིག་ནས་གོ་ལའི་བྱང་སྣེ་དང་ལྷོ་སྣེ་གཉིས་ལ་ཆ་བགོས་བྱས་ཡོད་པ་དང་། མར་ཀེ་ཊོར་འཆར་འགོད་ནི་ཁ་ཕྱོགས་དང་འགྲུལ་བཞུད་སྟོན་ཆེད་རྒྱུན་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་། ད་ལྟ་འཛམ་གླིང་གི་ས་ཁྲ་ལས་ཚངས་ཐིག་དང་ཁ་ཐག་རིང་བའི་རྒྱལ་ཁབ་རྣམས་ཚངས་ཐིག་གི་ཉེ་འཁྲིས་ཀྱི་རྒྱལ་ཁབ་ཁག་ལས་ལྡབ་འགྱུར་གྱི་ཆེ་བར་བསྟན་ཡོད། དཔེར་ན་འཛམ་གླིང་ས་ཁྲའི་སྟེང་གི་གྷི་རེ་ལན་ཌིའི་ (Greenland) རྒྱ་ཁྱོན་ནི་ལྷོ་ཨ་མི་རི་ཁའི་གླིང་ཕྲན་དང་ཨ་ཧྥེ་རི་ཁ་ལས་ཀྱང་ཆེ་བར་བསྟན་ཡོད། དོན་དངོས་ཐོག་ཨ་ཧྥེ་རི་ཁ་ནི་གྷི་རེ་ལན་ཌི་ལས་ལྡབ་བཅུ་བཞི་ཆེ་བ་ཡོད་འདུག

མར་ཀེ་ཊོར་འཆར་འགོད་ལ་སྐྱོན་བརྗོད་བྱེད་མཁན་ཚོས། ད་སྔ་བར་འཆར་འགོད་དེ་ཁྱབ་རྒྱ་ཆེ་བའི་ཐོག་ནས་བེད་སྤྱོད་བྱེད་དོན་ནི་དེས་ནུབ་ཕྱོགས་ཀྱི་བྱང་ཨ་མི་རི་ཁ་དང་ཡུ་རོབ་ཀྱི་ས་ཁྲའི་འཆར་སྣང་གི་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ་རྒྱལ་ཁབ་དེ་དག་གི་མངའ་ཐང་མངོན་ཐབས་བྱེད་བཞིན་ཡོད་པས་ཡིན་སྐོར་བརྗོད་འདུག

འཛམ་གླིང་གི་ས་ཁྲའི་རྩོད་རྙོག་དང་འབྲེལ་ནས། ཕྱི་ལོ་ ༢༠༡༨ ལོར་ནེའུ་ཛི་ལན་ཌིས་ཡུལ་སྐོར་དྲིལ་བསྒྲགས་ཤིག་སྤེལ་ཏེ། དེའི་ནང་ནེའུ་ཛི་ལན་ཌི་སྲིད་བློན་ཨར་ཌི་རིན་ལགས་ཀྱིས། ནེའུ་ཛི་ལན་ཌི་འཛམ་གླིང་གི་ས་ཁྲའི་སྟེང་ནས་མེད་པར་འགྱུར་གྲབས་ཡོད་ཅེས་ཟུར་ཟ་བྱས་ཡོད་འདུག

ཐེངས་འདིར་འཛམ་གླིང་གི་ས་ཁྲར་འགྱུར་བཅོས་གཏོང་དགོས་པའི་གྲོས་ཆོད་དེ་ནི། འདི་ལོའི་ཕྱི་ཟླ་ ༤ ནང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ཕྱི་ལོ་ ༢༠༡༨ ལོར་འདྲ་མཉམ་གྱི་སའི་གོ་ལ་ (Equal Earth) ཞེས་ས་ཁྲ་གསར་བཟོའི་འཆར་འགོད་ཅིག་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁག་གིས་ཀྱང་ས་ཁྲའི་འཆར་འགོད་དེ་མཉམ་སྤྱོད་བྱེད་པའི་དགོས་འདུན་བཏོན་པ་ལ་བརྟེན་ནས་བྱུང་ཞིང་། འདི་ལོའི་ཕྱི་ཟླ་ ༧ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་བར་ཚོགས་འདུ་འཚོགས་ཏེ་གྲོས་ཆོད་ཀྱི་རགས་ཟིན་འཆར་འགོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ། appeared first on བོད་ཀྱི་དུས་བབ།.

Original Article