ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

3 hours ago

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་ཚོགས་མི་ ༢༥༠ ལྷག་དང་ས་གནས་མི་མང་། དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བྷི་རིག་སི་ཚོགས་ཆེན་དང་བསྟུན་རྒྱ་གར་དུ་ཡོང་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ།

ཟླ་འདིའི་ཕྱི་ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་རྒྱ་དཀར་ནག་གཉིས་དང་། ལྷོ་ཨ་ཧྥི་རི་ཀ བྷིར་ཛལ། ཨུ་རུ་སུ་བཅས་མཐུན་ཕྱོགས་རྒྱལ་ཁབ་ཁག་ལྔ་ཡི་བྷི་རིག་སི་ (BRICS Summit) ལྷན་ཚོགས་ཐེངས་བཅོ་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཚོག་རྒྱུ་ཡིན་པ་ལྟར། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཏེ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་དང་། ད་ལན་གྱི་བྷིག་རིག་སི་ཚོགས་ཆེན་སྟེང་བོད་དོན་དང་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་གླེང་སློང་དགོས་པའི་རེ་སྐུལ་ཞུས་འདུག་ལ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་དགོས་འདུན་དོན་ཚན་ལྔ་ཡི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་བྷི་རིག་སི་ཚོགས་ཆེན་མ་འཚོག་སྔོན་གྱི་ཉིན་གཅིག་གི་གོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་ཟུང་འབྲེལ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད། དང་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། བོད་དང་བོད་མིར་ཤིན་ཏུ་བཀའ་དྲིན་ཆེ་བའི་རྒྱ་གར་གཞུང་དམངས་གཉིས་ལ། རྒྱ་གར་གྱིས་གོ་ལའི་ཚོགས་ཆེན་འདི་འདྲ་ཞིག་སྐོང་འཚོག་གནང་ཐུབ་པར་དགའ་ཚོར་ཆེན་པོ་ཞེ་དྲགས་བྱུང་ལ། རྒྱ་གར་གྱིས་གོ་ལའི་དབུ་འཁྲིད་གནང་མུས་ཡིན་པར་བོད་མི་རྣམས་ཀྱིས་དགའ་བསུ་དང་སྤོབས་པ་བྱེད་ཀྱི་ཡོད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་དགྲ་བོ་རྒྱ་ནག་གི་མགོ་དཔོན་སུ་འདྲ་ཞིག་རང་དབང་ལུང་བ་གང་དུ་ཡོང་གི་ཡོད་ན། བོད་ནང་གི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཡིན་བསམས་པའི་ཐོག་ནས། རྒྱ་དཔོན་དེ་དག་ལ་ངོ་རྒོལ་སྐད་འབོད་དང་། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་བཞག་དགོས་རྒྱུ་དེ་གཙོ་བོ་ཞིག་ལ་རྩིས་ཀྱི་ཡོད། དེ་བཞིན་ད་ལན་རང་གི་ཕ་ས་འཕྲོག་མཁན་རྒྱ་ནག་དམར་གཞུང་གི་མགོ་དཔོན་གཏེ་བོ་རྒྱ་གར་དུ་ཚོགས་ཆེན་ལ་ཡོང་གི་ཡོད་ཙང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་བཅས་གཞི་རྒྱ་ཆེ་བའི་ལས་འགུལ་འདི་སྤེལ་ཡོད། ཅེས་བརྗོད་བྱུང་། 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ཁྲོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང༌། མི་རིགས་ངོ་བོ་དང་བཅས་པ་རྩ་མེད་གཏོང་མཁན་གྱི་བྱེད་གཏེ་གཙོ་བོ་དེ་ཡིན་པས། ནག་ཉེས་ཅན་གྱི་མི་སྣ་དེ་ཕྱི་ལོ་ ༢༠༢༦ ལོའི་བྷི་རིག་སེ་ཚོགས་ཆེན་ནང་མཉམ་ཞུགས་བྱ་རྒྱུར་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། ཅེས་དང་། ཡང་། ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་མིའི་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་གནས་ལས་ཁུངས་མདུན་ཐང་དུ་བོད་ཀྱི་རྩ་དོན་ཆེད་རང་ལུས་མེ་སྲེག་བཏང་ཡོད། ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་ནས་བོད་མི་ཁྱོན་གྲངས་ ༡༧༠ ལ་ཉེ་བ་ཞིག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེ་སྲེག་བཏང་དགོས་བྱུང་ཡོད་པ་དེ་ནི་རྒྱ་ནག་གིས་མི་ལོ་བཅུ་ཕྲག་དྲུག་ལྷག་རིང་གདུག་རྩུབ་བཙན་གནོན་དང་སྲིད་བྱུས་དམ་དྲག་བཀག་སྡོམ་ཚད་མེད་བྱས་པའི་རྐྱེན་ལས་བྱུང་བའི་སྐྱོ་གར་གྱི་གནད་དོན་ཞིག་རེད། ཅེས་གསལ་འདུག 

བསྒྲགས་གཏམ་ཁྲོད།  བོད་ཀྱི་གནད་དོན་ནི་བོད་མི་གཅིག་པུའི་གནད་དོན་ཙམ་མིན་པར་དེ་ནི་ཨེ་ཤ་ཡའི་ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན། བོད་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་བོ་གལ་ཆེ་ཤོས་ཀྱི་འབྱུང་ཁུངས་ཡིན་པ་དང༌། དེར་བརྟེན་རྒྱ་ནག་གིས་བོད་ཀྱི་ས་ཆ་དང་ཆུའི་ཐོན་ཁུངས་ལ་ཚོད་འཛིན་དང་བེད་སྤྱོད་ལོག་པ་ཚད་ལས་བརྒལ་བ་གཏོང་བཞིན་པ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བོད་ཀྱི་ཉེ་འདབས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སེམས་ཅན་ས་ཡ་མང་པོའི་ཚེ་སྲོག་གི་གནད་དོན་ལ་ཐུག་པའི་གལ་ཆེའི་གནད་དོན་ཞིག་ཡིན། དཔེར་ན། ཉེ་ཆར་བལ་ཡུལ་དུ་ཆུ་རུད་ཀྱིས་མི་རྒྱུ་ཟོག་གསུམ་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་དོན་རྐྱེན་དེས་དྲན་སྐུལ་གསལ་པོ་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་རྒྱད་དུ་ཆུ་རགས་བཟོ་བའི་ལས་གཞི་ཆེན་པོ་དེས་གཤམ་རྒྱུད་དུ་ཡོད་པའི་རྒྱལ་ཁབ་ཁག་དང་སེམས་ཅན་ས་ཡ་མང་པོའི་འཚོ་གནས་དང་ཚེ་སྲོག་ལ་ཆུའི་འཇིགས་པ་དང་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད། ཅེས་གསལ་འདུག 

ཡང་བསྒྲགས་གཏམ་ཁྲོད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་ཐེ་གཏོགས་བྱེད་པ་མཚམས་འཇོག་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་དད་རང་དབང་དང་སྲོལ་རྒྱུན་ལ་བརྩི་བཀུར་ཞུ་དགོས། ༧གོང་ས་རྒྱལ་བ་རིན་པོ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་ནི་ཆབ་སྲིད་ཀྱི་བཙན་ཤེད་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་ཐེ་ཇུས་ལས་གྲོལ་ཏེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱན་ལྟར་སྤེལ་དགོས་པའི་གལ་ཆེའི་གནད་དོན་ཞིག་ཡིན།  ཅེས་གསལ་འདུག 

དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བྷི་རིག་སི་ཚོགས་ཆེན་དང་བསྟུན། རྒྱ་གར་དུ་ཡོང་བར་དགོས་འདུན་དོན་ཚན་ལྔ་ཡི་ཐོག་ནས་ངོ་རྒོལ་བྱས་ཡོད་ཅིང་། དགོས་འདུན་དོན་ཚན་ལྔ་ནི། ༡། བྷི་རིག་སི་མཐུན་ཚོགས་ཀྱི་མགོ་ཁྲིད་རྣམ་པས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ། རྒྱལ་སྤྱིའི་ཁྲིམས་དང་འགལ་ནས་འགྲོ་བ་མིའི་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ངོ་རྒོལ་དང་ཁ་རྡུང་གཏང་དགོས། ༢། རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་དང་ངོ་བོ་སྒྱུར་བའི་བཙན་ཤེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས། བོད་མི་རྣམས་ལ་བཙན་ཤུགས་ཀྱིས་རིག་གཞུང་དང་སྐད་ཡིག་བསླབ་པའི་མིང་ཐོག་ནས་བཙུགས་པའི་གཞུང་གཉེར་སློབ་གྲྭ་ཁག་སྒོ་བརྒྱག་དགོས་པ་མ་ཟད།བོད་མིའི་ངོ་བོ་དང་རིག་གཞུང་བསུབ་པའི་དམིགས་ཡུལ་ཅན་གྱི་“མི་རིགས་མཐུན་སྒྲིལ་”དང་འབྲེལ་བའི་ཁྲིམས་དང་སྲིད་བྱུས་རྣམས་ཕྱིར་འཐེན་བྱ་དགོས། ༣། རྒྱ་ནག་གཞུང་གིས་འབྲེལ་ཡོད་ས་གནས་མི་མང་དང་གྲོས་མོལ་མེད་པར་ཆུ་མཛོད་སོགས་གསར་རྒྱག་མཚམས་འཇོག་དགོས། དེ་དང་མཉམ་དུ་ལས་གཞི་དེ་དག་གི་གནོད་སྐྱོན་དང་ཁོར་ཡུག་གི་ཤུགས་རྐྱེན་ལ་རང་དབང་དང་དྲང་བདེན་གྱི་ཞིབ་འཇུག་བྱེད་པ། གནས་ཚུལ་ཆ་ཚང་དངོས་ཡོད་ཐོག་སྤེལ་འཇུག་དགོས། ༤། རྒྱ་གར་གཞུང་གིས་རྒྱ་ནག་གིས་རྒྱ་གར་དང་བོད་ཀྱི་མཐའ་མཚམས་ཁུལ་དུ་ས་མཚམས་བཙན་བཟུང་དང་ས་ཁོངས་སུ་འཛུལ་བཞིན་པར་ལན་འདེབས་ཤིག་བྱ་དགོས་པ་དང་། ཕྱི་ལོ་ ༡༩༡༤ ལོའི་བོད་རང་དབང་གི་དུས་སུ་བོད་དང་རྒྱ་གར་དབར་གྲོས་མོལ་དང་ཆིངས་ཡིག་གི་ལམ་ནས་གཏན་འབེབས་བྱས་པའི་ལོ་རྒྱུས་དང་ས་ཁམས་ཀྱི་གནས་ཚུལ་ཁག་ལ་གཞི་བཞག་སྟེ། རྒྱ་ནག་གི་མཐའ་མཚམས་ཀྱི་སྲིད་བྱུས་ལ་རྒོལ་ལནསྤྲད་དགོས། ༥། རྒྱ་གར་གྱི་སྲིད་བློན་མི་དྷི་མཆོག་དང་དང་ཕྱི་སྲིད་བློན་ཆེན་ཇེ་ཤན་ཀར་གཉིས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་གྲོས་མོལ་གནང་སྐབས། གོང་གསལ་གྱི་དོན་གནད་དང་རེ་འདུན་ཁག་གཙོ་བོར་བཟུང་སྟེ་བཀའ་མོལ་གསལ་པོ་གནང་དགོས་པ་སོགས་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད། appeared first on བོད་ཀྱི་དུས་བབ།.

Original Article