ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་རིགས་མང་པོར་གླ་ཆ་སྤྲད་ནས་ཞི་ཅིན་ཕིན་ལ་བསུ་བ་དང་སྐྱེལ་མ་བྱེད་པར་སྐད་བཏང་སྟེ་བོད་དང་ཤར་ཊི་ཀི་སི་ཐན། ཧོང་ཀོང་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་ངོ་རྒོལ་ལས་འགུལ་བཀག་སྡོམ་བྱེད་འཆར་འདུག
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་འབྲེལ་ལམ་ཆེད་ཡོང་འཆར་ཡོད་པ་བསྟུན། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་ཡོད་རྒྱ་རིགས་ཀྱི་ཚོང་ལས་སྡེ་ཁག་གིས། ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གནམ་གྲུའི་འཛིན་བྱང་དང་མགྲོན་ཁང་། ས་གནས་ཀྱི་འགྲིམ་འགྲུལ་དང་ཟ་མ་སོགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་མ་ཟད། མི་རེར་ཉུང་མཐར་ཨ་སྒོར་ ༨༠ རེ་སྤྲད་རྒྱུ་ཡིན་ལུགས་བསྒྲགས་འདུག
དེ་འབྲེལ་ཨེ་ཕོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་ཡོད་རྒྱ་ནག་གི་ཚོང་ལས་སྡེ་ཁག་གིས་གསང་བའི་ཐོག་ནས་སྐད་འཕྲིན་ཚོགས་པ་དང་ཁ་པར་སོགས་ཀྱི་ལམ་ནས་ཨ་རི་རྒྱལ་ཡོངས་སུ་ཡོད་པའི་རྒྱ་རིགས་ཚོགས་པ་དང་མི་སྒེར་སོགས་ལ་འབྲེལ་བ་བྱས་ཏེ་ཞི་ཅིན་ཕིན་ལ་བསུ་བ་དང་སྐྱེལ་མ་བྱེད་པར་ཡོང་དགོས་པའི་སྐུལ་མ་གཏོང་གི་ཡོད་ཅིང་། གླ་ཆ་བླངས་ནས་ཞི་ལ་བསུ་སྐྱེལ་བྱེད་མཁན་ཚོས་ལག་ཏུ་རྒྱ་ནག་གི་དར་ཆ་འཛིན་དགོས་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༦ བར་ཨ་རིའི་རྒྱལ་ས་ཝང་ཤིན་ཊོན་ཁུལ་དུ་སྡོད་དགོས་ཀྱི་ཡོད་འདུག ད་སྔ་བར་མི་གྲངས་ ༤༠ ཡིས་ཞི་ལ་བསུ་སྐྱེལ་བྱེད་འདོད་ཡོད་པའི་ཐོ་འགོད་བྱས་ཡོད་ལུགས་བསྒྲགས་འདུག
ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་གཞོན་པ་ཆིའུ་ཝན་ཤིན་ཟེར་བས་དངོས་སུ་རྒྱ་རིགས་ཚོགས་པ་ཞིག་ལ་ཐུག་སྟེ་ཞི་ལ་བསུ་མ་བྱེད་པར་ཡོང་དགོས་པའི་སྐུལ་མ་བྱས་ནའང་། ཚོགས་པ་དེས་ངོས་ལེན་བྱས་མེད་པ་རེད། ཐེངས་འདིར་གླ་ཆ་སྤྲད་ནས་ཞི་ལ་བསུ་སྐྱེལ་བྱེད་དུ་འཇུག་པའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མི་མཐུན་ཞིང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། འདྲ་མཉམ་སོགས་རྩོད་མཁན་གྱི་བོད་དང་ཧོང་ཀོང་། ཤར་ཊི་ཀི་སི་ཐན། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཀྱི་ངོ་རྒོལ་ལས་འགུལ་བཀག་འགོག་བྱེད་སླད་ཡིན་སྐོར་བརྗོད་འདུག
ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རིར་ཡོད་པའི་རྒྱ་རིགས་ཚོགས་པ་ཁག་ལ་གླ་ཆ་སྤྲད་ནས་ཞི་ཅིན་ཕིན་ལ་བསུ་མ་བྱེད་དུ་བཅུག་ཡོད་ཅིང་། ལོ་དེར་ཞི་ཅིན་ཕིན་ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སེ་སུ་ཁོ་རུ་ལྷོ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཚོགས་འདུ་(APEC) རུ་འབྱོར་སྐབས། ཨ་རིའི་ནང་གི་བོད་དང་ཤར་ཊི་ཀི་སི་ཐན་སོགས་འགྲོ་བ་མིའི་ཐོབ་ཐང་དང་་འབྲེལ་བའི་ཚོགས་སྡེ་ཁག་ ༡༠༠ ལྷག་གིས་ཞི་ཅིན་ཕིན་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར། appeared first on བོད་ཀྱི་དུས་བབ།.



