རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

3 hours ago

ཕྱི་ཟླ་ ༨ ཚེས་ ༢༠ ཉིན་དྷ་ས་ནས་ལྡི་ལིའི་བར་རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་ཏེ། པེན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དྲིལ་བསྒྲགས་གནང་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཚེ་རིང་མཐར་ཕྱིན་ལགས་སུ་ཁོང་གི་རང་བཙན་གོམ་བགྲོད་ལས་འགུལ་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་ང་ཅན་དྷི་སྒར་དུ་ཡོད་པའི་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དྲིལ་བསྒྲགས་བྱེད་དུ་ཕྱིན་པ་ཡིན། ཤེས་ཡོན་གྱི་ལྟེ་གནས་གལ་ཆེན་པོ་འདིའི་ནང་ཐོག་མའི་བསམ་དོན་བཞིན་བོད་དོན་དྲིལ་བསྒྲགས་ཡག་པོ་བྱུང་སོང་། དེ་རིང་ནི་གུས་པས་རང་བཙན་གོམ་བགྲོད་ལས་འགུལ་སྤེལ་ཏེ་ཉིན་བཅུ་དགུ་བ་ཆགས་ཡོད། ཅེས་བརྗོད་བྱུང་། 

དྷ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས་ཡོད། ཁོང་གི་རང་བཙན་གོམ་བགྲོད་ལས་འགུལ་ཁྲོད་འབོད་སྐུལ་གཙོ་བོ་དོན་ཚན་གསུམ་འདུག་ཅིང་། དང་བོ་བོད་མིའི་ངོ་བོ་སྲུང་སྐྱོབ་དང་བོད་མི་རིགས་ཀྱི་ཁྲིམས་མཐུན་སྐུ་ཚབ་ནི་༧གོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་འདི་ཁོ་ན་ཡིན་པས། རྒྱལ་སྤྱིའི་གཞུང་དམངས་དང་ཚོགས་སྡེ་ཁག་ནས་བཙན་བྱོལ་བོད་གཞུང་འདི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་དགོས། གཉིས་པ་བོད་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་རྒྱལ་ཁབ་ཞིག་ཡིན་རུང་། ད་ཆ་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འོག་ཏུ་གནས་པའི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་དགོས་པ། དེ་བཞིན། གསུམ་པ་རང་བཙན་བློ་དགའ་ལགས་ཀྱི་ཞལ་ཆེམས་ནང་བཞིན། བོད་མི་ཚང་མས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁའི་ཉི་མ་ཞིག་ཤར་ངེས་པར་ཡིད་ཆེས་བརྟན་པོ་བྱས་ཏེ་ཡིད་ཆེས་དེ་མངོན་འགྱུར་ཡོང་བར་རང་ནུས་གང་ཡོད་ཀྱིས་བོད་དོན་ལས་འགུལ་མུ་མཐུད་སྤེལ་གནང་བ་བཅས་ཀྱི་འབོད་སྐུལ་ཞུས་འདུག

ཉེ་ལམ་ཁོང་གིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ང་རང་ནི་བོད་དུ་སྐྱེས་ཞིང་ལོ་ངོ་བཅུ་བཞི་བར་རྒྱ་ནག་གི་བཙན་འོག་ཏུ་འཚར་ལོང་བྱུང་། དེ་རྗེས་བཙན་བྱོལ་ནང་སླེབས་ནས་ཤེས་ཡོན་གྱི་གོ་སྐབས་ཐོབ་ནས་རྒྱ་ནག་གི་ཐོག་ཆེད་ལས་སློབ་སྦྱོང་བྱས་པའི་བོད་མི་ཞིག་ཡིན། ད་རེས་རང་ཉིད་བཞུགས་སྒར་རྡ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གྱི་ཁྱོན་སྤྱི་ལེ་ ༥༠༠ བརྒལ་བའི་བོད་དོན་གཞུ་གཏུགས་དང་གསལ་བཤད་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་འགོ་བཙུགས་ཡོད། འདིའི་དགོས་པ་ནི་གཅིག་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས གཙོས་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་ཞུ་རྒྱུ་དང༌། གཉིས་ནས་རང་ཉིད་ཀྱི་ཕ་མ་སྤུན་མཆེད་གཙོས་པའི་རྒྱ་ནག་གི་བཙན་དབང་མྱོང་དང་མྱོང་བཞིན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་དང་བོད་ནང་གི་ཛ་དྲག་གནས་སྟངས་ཁག་གནས་ཡུལ་རྒྱ་གར་གཞུང་དམངས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་འབོད་དང་གསལ་བཤད་བྱེད་པའི་ཆེད་དུ་ཡིན། ཞེས་བརྗོད་ཡོད། 

ཐེངས་འདིའི་ཁོང་གི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ཁྲོད་ཧི་མ་ཅལ་དང་པན་ཇབ་མངའ་སྡེའི་ཆབ་སྲིད་མི་སྣ་དང་། གསར་འགོད་པ། ཤེས་ལྡན་མི་སྣ། དེ་བཞིན་མི་མང་བཅས་ལ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཡང་ད་ལྟ་རྒྱ་ནག་གི་བཙན་འཛུལ་འོག་ཧམ་བཟུང་བྱས་ཡོད་པ་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད། བོད་དོན་འཐབ་རྩོད་དེ་རྒྱ་གར་ལ་གལ་གནད་ཇི་ལྟར་ཆེ་ཚུལ་སོགས་ངོ་སྤྲོད་བྱས་ཏེ་བོད་དོན་དྲིལ་བསྒྲགས་གནང་དང་གནང་མུས་ཡིན་པ་རེད། 

The post རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག appeared first on བོད་ཀྱི་དུས་བབ།.

Original Article