རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

5 hours ago

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་མི་རིགས་མཐུན་སྒྲིལ་ཟེར་བར་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་ཟེར་བ་ཞིག་དབུལ་དགོས་ལུགས་བཤད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༢༡ ཉིན་བར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་བོད་མངའ་རིས་ས་ཁུལ་ལ་ཆེད་དུ་ཕྱིན་ནས། གྲོང་ཚོ་ཁུལ་དུ་ལྟ་ཞིབ་དང་། མི་མང་ལ་ཐུག་འཕྲད། དེ་བཞིན་དགོན་སྡེ་སོགས་ལ་ཆེད་དུ་ཕྱིན་ཡོད་པའི་ཁར། ཕྱི་ཚེས་ ༡༧ ཉིན་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟེར་བར་ཞུགས་ཏེ།རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་ཇུས་ལག་བསྟར་དོན་འཁྱོངས་དང་མི་རིགས་མཐུན་སྒྲིལ་ཟེར་བ་ནི་བྱ་གཞག་རླབས་ཆེན་ཞིག་ཡིན་ལུགས་སོགས་བཤད་འདུག 

རྒྱལ་མཚན་ནོར་བུས་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟེར་བའི་ཐོག   མི་རིགས་མཐུན་སྒྲིལ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ། མི་རིགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཡང་འབྲེལ་བ་ཡོད། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷག་པར་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བསམ་བློའི་ཁྲིད་སྟོན་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་མཐུད་བརྟན་དུ་གཏོང་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་དགོས།  ཞེས་བཤད་འདུག

དེ་བཞིན་ད་ལན་རྒྱལ་མཚན་ནོར་བུའི་བོད་མངའ་རིས་ཁུལ་གྱི་ཕྱོགས་སྐྱོད་དང་བསྟུན། སྤུ་ཧྲེང་ཐང་དཀར་མཐའ་མཚམས་ཚོང་དོན་ཁྲོམ་རར་ལྟ་ཞིབ་དང་མི་མང་དང་ཐུག་འཕྲད་བྱས་པའི་མུར།བོད་མངའ་རིས་མཚོ་ཆེན་རྫོང་ཁོངས་སུ་ཕྱིན་ནས། ཁུལ་དེའི་མི་མང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁུ་ལུ་སྨྱུག་པོའི་ཚོང་དོན་གྱི་ཐད་ལ་ཤུགས་སྣོན་དང་འཕེལ་རྒྱས་ཟེར་བ་ཞིག་གཏང་དགོས་ལུགས་སོགས་བཤད་འདུག་ལ། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་ལྟར་ན། རྒྱལ་མཚན་ནོར་བུ་སྤུ་ཧྲེང་རྫོང་གི་འཁོར་ཆགས་དགོན་དང་ཁྲུས་སྒོ་དགོན་དང་། དགེ་རྒྱས་རྫོང་གི་བཀྲ་ཤིས་ཆོས་གླིང་དང་། འབྲི་ར་དགོན། སྒར་རྫོང་གི་ཀྲེ་ཏ་པུ་རི་དགོན། མཚོ་ཆེན་རྫོང་གི་སྨན་སྟོད་དགོན་བཅས་སུ་ཕྱིན་ནས་གནས་མཇལ་དང་མི་མང་ལ་མཇལ་ཁ་ཟེར་བ་ཞིག་ཀྱང་གནང་ཡོད་ལུགས་བསྒྲགས་འདུག 

འདི་ལོའི་ཕྱི་ཟླ་  ༧ ཟླ་མཇུག་ཙམ་ལ་རྒྱལ་མཚན་ནོར་བུ་གོང་དཀར་གནམ་ཐང་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་སྟབས། འདས་པའི་ཟླ་གཉིས་ལྷག་གི་རིང་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བེད་དུ་སྤྱད་ནས་ཕྱོགས་ཡོངས་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་མང་དག་ཅིག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་སྒྲིག་ཟེར་བ་དྲིལ་བསྒྲགས་དང་། ཞི་ཅིན་ཕིན་གྱི་དགོངས་དོན་ཟེར་བ་དྲིལ་བསྒྲགས་བྱས་ཡོད།  དཔེར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཉིང་ཁྲི་གྲོང་ཁྱེར་ཧྲོང་ཡུང་ལམ་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་དང་འབྲེལ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་ཁྲིམས་ལུགས་སློབ་གསོའི་ཚོགས་འདུ་ཟེར་བ་ཞིག་འཚོགས་ནས། ཁུལ་དེར་སྲ་བརྟན་དང་འཆམ་མཐུན་ཟེར་བ་ཞིག་ཡོང་སླད་ངེས་པར་དུ་བརྩི་སྲུང་བྱ་དགོས་ལུགས་སོགས་བཤད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ལྷ་ས་གྲོང་ཁྱེར་དམར་ཤོག་དྲིལ་བསྒྲགས་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་ཁང་། དེ་བཞིན་ལྷ་ས་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་གསར་འགྱུར་ལྟེ་གནས་གཉིས་ཀྱི་གོ་སྒྲིག་འོག དགོན་སྡེའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས་ཟེར་བའི་ ༢༠༢༦ ལོའི་དྲིལ་བསྒྲགས་སློབ་གསོའི་རིག་གནས་བྱེད་སྒོའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཡོད་ཅིང་། ཚོགས་ཆེན་ཐོག་མི་མང་ཕལ་བ་སེར་སྐྱ་མང་ཚོགས་ ༣༠༠ ལྷག་ཙམ་ཞུགས་བཅུག་ནས། རྒྱུན་དུ་དམར་ཤོག་གི་ཁ་ལ་ཉན་པ་དང་། དྲིན་དྲན་པ། རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློ་བརྟན་པོ་འཛུགས་ཆེད། རབ་བྱུང་དང་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་དང་། མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་སྙན་ངག་གྱེར་འདོན་བྱས་བཅུག་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་བདེ་ཆེན་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོར་བྱས་པའི་ལུས་རྩལ་བྱེད་སྒོ་ཞིག་སྤེལ་ཡོད་ཅིང་། བྱེད་སྒོ་དེའི་ཐོག་མཉམ་འདྲེས་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རྩ་དོན་ཟེར་བ་རྒྱུན་འཁྱོངས་བྱ་དགོས་ལུགས་བཤད་ནས། ཞིང་པ་དང་། ཉེན་རྟོག་པ། སྨན་བཅོས་མི་སྣ་སོགས་ལོ་ན་ ༡༢ ནས་ ༦༥ བར་ཞུགས་བཅུག་སྟེ། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་གལ་ཆེན་ཡིན་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས། 

The post རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས།  appeared first on བོད་ཀྱི་དུས་བབ།.

Original Article