རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ། 

2 hours ago
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཁོང་རྣམས་དང་ལྷན་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། དེ་བཞིན་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་ངོ་སྤྲོད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་སོང་།  སྐབས་དེར་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་མང་རིང་བོད་དོན་ཞུ་སྐུལ་ཐོག་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། དེ་བཞིན་རྒྱ་གར་དང་། ཨ་རི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས། ད་བར་བཙན་བྱོལ་ནང་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་བསྐྱལ་ཐུབ་ཡོད་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་གོང་སྤེལ་གནང་ཐུབ་ཡོད་ཅེས་དང་།  གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་འགྲེལ་བརྗོད་གནང་ཞིང་། དེ་ཡང་བོད་མིའི་མང་གཙོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་ཡིན་པ་དང་། ༧མགོན་པོ་གང་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བའི་ལོ་བཞིའི་རྗེས་སུ་ཆོལ་ཁའི་སྤྱི་འཐུས་ཁོངས་སུ་བུད་མེད་རེ་ཟུར་བཅད་ས་མིག་འཕར་སྣོན་གནང་བ་དང་། དེས་བོད་པའི་བུད་མེད་ཚོས་འགོ་ཁྲིད་ནང་ཆ་ཤས་བླངས་རྒྱུར་རྨང་གཞི་བཏིང་བ་མ་ཟད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་བུད་མེད་རྣམས་ཀྱིས་གལ་འགངས་ཆེ་བའི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་བཞེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས་སོང་།  དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་གསུངས་ཤིང་། དེ་ཡང་རྒྱ་ནག་དམར་གཞུང་གིས་ཕྱི་ཟླ་ ༧ ཚེས་ ༡ ཉིན་བོད་ནང་ ‘མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག’ ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་དང་། དེ་བཞིན་བོད་ཕྲུག་རྣམས་སོ་སོའི་ཕ་མ་དང་ཁ་ཕྲལ་ཏེ་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད་པའི་སྐོར་ངོ་སྤྲོད་དང་། རྒྱ་ནག་དམར་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་འ་ཆད་འུ་ཐུག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཕུལ་ཡོད་པ་དང་། དེའི་ཁོངས་ནས་མང་ཆེ་བ་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་དབང་བསྒྱུར་བྱས་པའི་རྗེས་ལ་སྐྱེས་པའི་ན་གཞོན་ཤ་སྟག་ཡིན་པའི་སྐོར་སོགས་ཀྱི་ཐོག་གསུངས་སོང་།  གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་མཐོ་སྒང་བོད་ཀྱི་ས་ཁམས་ཆབ་སྲིད་དང་། ཁོར་ཡུག་གི་གལ་གནད་སོགས་ཀྱི་གསུངས་ཡོད་པ་བཅས། །
Original Article