རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

5 hours ago

རྒྱ་གཞུང་གིས་བོད་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་ལི་ཤུའོ་ཝུ་(李修武)བསྐོ་བཞག་བྱས་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་བསྐོས་འདུག ཁོ་ནི་ཕྱི་ལོ་ ༡༩༧༣ ཟླ་ ༡ རྒྱ་ནག་ཧུའུ་པའེ་ཞིང་ཆེན་(湖北秭归)ཟི་གེའུ་རུ་སྐྱེས་ཤིང་། གཙུག་ལག་རབ་འབྱམས་པའི་བསླབ་གནས་བླངས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རེད། སྔོན་ཆད་ཧུའུ་པའེ་ཞིང་ཆེན་ཧང་ཧྲི་གྲོང་ཁྱེར་(湖北省黄石市)གྱི་སྤྱི་ཁྱབ་གཞོན་པ་དང་། ཧང་ཧྲི་གྲོང་ཁྱེར་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་མི་དང་ཐེ་ཧྲན་ཁུལ་(铁山区)གྱི་དམར་ཤོག་ཚོགས་གཙོ། ཧུའུ་པའེ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་མགོ་གཙོ་གཞོན་པ། ཧུའུ་པའེ་ཞིང་ཆེན་སྐབས་དགུ་པའི་བོད་རིགས་རོགས་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དམར་ཤོག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་རྒྱུན་ལས་སྤྱི་ཁྱབ་གཞོན་པ། ཧུའུ་པའེ་ཞིང་ཆེན་ཡིག་འགྲུལ་འབྲེལ་གཏུག་ཁང་གི་མགོ་གཙོ་སོགས་ཀྱི་གོ་གནས་འཁུར་མྱོང་འདུག

ཕྱི་ལོ་ ༢༠༢༥ བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཁང་གི་འགན་འཛིན་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཚབ་ཏུ་བསྐོས་ཏེ། ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་མ་བྱས་གོང་གི་སྤྱི་ཁྱབ་ཁག་ཅིག་ནི། ཕྱི་ལོ་ ༢༠༠༧ ཟླ་ ༡ ནས་ཕྱི་ལོ་ ༢༠༡༢ ཟླ ༡༢ བར་དུ་རྡོ་རྗེ་ཚེ་གྲུབ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ བར་དུ་ཀྲང་ཐེན་ཆེན་(张廷清)། ཕྱི་ལོ་ ༢༠༡༦ ཟླ་ ༦ ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ བར་དུ་གོ་གོ་(果果)། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནས་ཕྱི་ལོ་ ༢༠༢༦ ཟླ་ ༩ བའི་བར་དུ་ཝང་ཆང་(王强)བཅས་ཡིན་པ་རེད།

རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལས་མངོན་པ་ལྟར་ན། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་ལྷ་ས་གྲོང་ཁྱེར་གྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༧༨.༤ ཟིན་ཡོད་ཀྱང་། ལྷ་ས་གྲོང་ཁྱེར་གྱི་མགོ་ཁྲིད་གཙོ་བོའི་གོ་གནས་ཁྲོད་གསུམ་ཆ་གཅིག་ཙམ་ལས་སླེབས་ཐུབ་མེད། ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་རྒྱུན་ལས་ཨུ་ཡོན་ ༡༢ ཁྲོད་བོད་རིགས་ ༣ མ་གཏོགས་མེད་པས་བརྒྱ་ཆ་ ༢༥ ལས་ཟིན་མེད། རྒྱ་རིགས་ ༦ ཡོད་པས་བརྒྱ་ཆ་ ༥༠ ཟིན་ཡོད། དེ་བཞིན་ཧུའེ་རིགས་ ༡ དང་། མི་རིགས་ཀྱི་ངོ་བོ་མི་གསལ་བ་ ༢ ཡོད།

ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མགོ་ཁྲིད་ ༡༤ ལས། རྒྱ་རིགས་ཀྱིས་བརྒྱ་ཆ་ ༦༤ ཟིན་ཡོད་པ་དང་། དེའི་ཁྲོད་ཀྱི་གྲོང་ཁྱེར་སྤྱི་ཁྱབ་དང་རྒྱུན་ལས་སྤྱི་ཁྱབ་གཞོན་པ་ ༤ ཡོད་པ་ལས་ ༣ རྒྱ་རིགས་ཡིན་འདུག བོད་རིགས་ཀྱིས་བརྒྱ་ཆ་ ༣༦ ལས་ཟིན་མེད། དེ་བཞིན་གྲོང་ཁྱེར་རིམ་པའི་དཔོན་རིགས་གཙོ་གྲས་ ༢༦ ཡོད་པ་ལས། བོད་རིགས་ཀྱིས་བརྒྱ་ཆ་ ༣༥ དང་། རྒྱ་རིགས་ཀྱིས་བརྒྱ་ཆ་ ༥༠ ཟིན་ཡོད། དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་མགོ་ཁྲིད་ཁྲོད་ནས་གོ་གནས་མཐོ་ཤོས་ཀྱི་བོད་རིགས་དཔོན་པོ་ནི་གྲོང་ཁྱེར་གྱི་མགོ་གཙོ་ཟླ་བ་ཚེ་རིང་ཡིན་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག appeared first on བོད་ཀྱི་དུས་བབ།.

Original Article