རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

3 hours ago

བོད་ཀྱི་དཔལ་ཡོན་དང་། ད་ལྟའི་གནས་སྟངས། འཕྲལ་ཕུགས་ཀྱི་ཐབས་ཇུས་ཁ་ཕྱོགས་གནད་དོན། དེ་བཞིན་ས་ཁམས་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་གཙོ་གནད་དུ་བཟུང་ནས་གླེང་སློང་བྱས་པའི་བོད་ཀྱི་དུས་སྟོན་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་འདུག

ཕྱི་ཟླ་ ༩ ཚེས་ ༣ ནས་ ༥ བར་གྱི་ཉིན་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། འཚེ་མེད་ཞི་བའི་ལམ་ལུགས་ཀྱི་ཐེབས་རྩ། བོད་ཀྱི་ཐེབས་རྩ་བཅས་མཉམ་འབྲེལ་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་འདུག་ལ། དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གཙོས། མཁས་དབང་དང་། སྲིད་ཇུས་འཆར་འགོད་པ། རྩོམ་པ་པོ། ཆོས་ལུགས་ཀྱི་དབུ་ཁྲིད། དེ་བཞིན་མི་དམངས་སོགས་འདུ་འཛོམས་གནང་ཡོད་འདུག

ཉིན་དང་པོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དུས་སྟོན་དབུ་འབྱེད་གནང་ཡོད་པ་དང་། ཁོང་གིས། རྒྱ་ནག་གི་ཡར་རྒྱས་གནས་སྟངས་དང་། ལྷག་པར་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་བོད་མི་དང་། རྒྱ་ནག་ནང་གི་མི་རིགས་གཞན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཐད་དོགས་ཟོན་བྱ་དགོས་སྐོར་དང་། དེ་བཞིན་ཁྲིམས་ཡིག་འདི་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ས་གནས་རང་སྐྱོང་གི་ཐོབ་ཐང་སོགས་དང་འགལ་ཏེ། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚང་མ་རྒྱ་རིགས་སུ་བསྒྱུར་རྒྱུའི་ཆེད་དུ་རང་གི་རྩ་ཁྲིམས་རྩིས་མེད་བཏང་ནས། མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་གཏན་འབེབས་ལག་བསྟར་བྱེད་ཀྱིན་ཡོད་སྐོར་ནན་བརྗོད་གནང་འདུག དེ་བཞིན་རྒྱ་གར་གྱི་གསར་འགོད་པ་དང་། བོད་རིག་པ་བ་སྐུ་ཞབས་ཝི་ཇེ་ཀ་རན་ཏིའི་ (Vijay Kranti) ལགས་ཀྱིས་རྩོམ་སྒྲིག་བྱས་པའི་“བོད་ནང་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་རྩེད་མོ་”ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་འདུག

ཉིན་དེའི་སྐུ་མགྲོན་གྱི་ཁོངས་སུ་ལྡི་ལི་ནེའུ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཨ་མི་ཏཱབྷ་མ་ཊཱུ( Amitabh Mattoo)། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་ཝ་ཇ་ཧཊ་ཧ་བི་བུལླཱ(Wajahat Habibullah)། རྩོམ་པ་པོ་དང་རྒྱ་གར་འཁྲབ་སྟོན་པ་སྐུ་ཞབས་ཀ་བྷིར་སྦེ་ཌི་(Kabir Bedi)། ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་བཅས་ཡོད་པ་དང་། ཁོང་རྣམ་པས་ཀྱང་བོད་དོན་དང་འབྲེལ་བའི་གནད་དོན་དང་། བོད་ཀྱི་རིག་གཞུང་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག

ཉིན་གཉིས་པར་སིང་གྷ་པུར་གཙུག་ལག་སློབ་གཉེར་ཁང་གི་ལྷོ་ཨེ་ཤ་ཡ་སྡེ་ཚན་གྱི་ངེས་སྟོན་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་ཇུས་ཉམས་ཞིབ་པ་ར་ཇ་མོ་ཧན་(Prof. C Raja Mohan) གྱིས་རྒྱ་ནག་ནི་རྒྱལ་རབས་མི་འདྲ་བ་རིམ་བྱུང་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་སྲིད་འཛིན་མི་འདྲ་བའི་སྲིད་བསྐྱངས་བས་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་པ་དང་། ལྷག་དོན་སྲིད་འཛིན་ཤི་ཅིན་ཕིང་གིས་དབང་སྒྱུར་ཡོངས་རྫོགས་མི་གཅིག་གིས་གཟུང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་དུས། འབྱུང་འགྱུར་རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་ཡོད་ལ། འགྱུར་བ་དེར་བསྟུན་གྱིས་བོད་དོན་གསལ་ཐབས་བྱ་དགོས་སྐོར་དང་། རྒྱ་ནག་ནང་ཁུལ་འགྱུར་བ་ཡོང་བར་བོད་མི་དང་། ལྷོ་སོག ཡུ་གུར་མི་དམངས་ཀྱིས་རྒྱ་རིགས་མང་གཙོ་ལས་འགུལ་བ་སོགས་དང་མཉམ་འབྲེལ་བྱ་དགོས་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐུལ་མ་གནང་འདུག

ཉིན་གསུམ་པར་བོད་ཀྱི་བུད་མེད་ཀྱིས་རྩོམ་རིག་དང་བརྙན་ཕབ་རིག་གནས་ལ་བཟུང་བའི་ལྟ་སྟངས་ཐད་བགྲོ་གླེང་གནང་བ་སོགས་ལས་རིམ་འདྲ་མིན་ཡོད་པ་དང་། ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་ཐོག རྒྱ་གར་བ་གཙོས་པའི་དོན་གཉེར་བ་རྣམས་ལ། བོད་བརྒྱུད་ནང་བསྟན་གྱི་རྡུལ་མཚོན་དཀྱིལ་འཁོར་དང་། རིག་གཞུང་འཁྲབ་སྟོན། བོད་ཀྱི་སྲོལ་རྒྱུན་ལག་རྩལ་འགྲེམས་སྟོན། ཁོར་ཡུག་སོགས་དང་འབྲེལ་བའི་བགྲོ་གླེང་དང་། དངོས་བྱུང་གློག་བརྙན་གཟིགས་འབུལ་བཅས་ལ་རྒྱ་གར་དོན་གཉེར་ཅན་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། དེ་ལ་ཚོགས་སྒེར་ཉི་ཤུ་ལྷག་གིས་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས། appeared first on བོད་ཀྱི་དུས་བབ།.

Original Article