རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཝ་ཅ་དྷ་མེར་ཐེངས་དང་པོར་ཐུག་འཕྲད་བྱས་ཏེ་ཧིན་བོད་མཐའ་མཚམས་ཀྱི་རྩོད་རྙོག་སོགས་ཀྱི་ཐད་ལ་གྲོས་མོལ་བྱས་འདུག
ཉེ་ལམ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ཁུལ་གྱི་ཧིན་བོད་མཐའ་མཚམས་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་བར་རྩོད་རྙོག་འབྱུང་གིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་དམག་དཔོན་སྐུ་ཞབས་གྷ་རི་ཤི་ཀཱ་ལི་ཡ་ལ་ (Girish Kalia ) ལགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་རྒྱ་ནག་བཅིངས་གྲོལ་དམག་གི་དམག་དཔོན་བར་ཧིན་བོད་མཐའ་མཚམས་ཀྱི་ཝ་ཅ་དྷ་མེ་ (Wacha-Damai) ཁུལ་དུ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་མཐའ་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་དང་གླེང་སློང་བྱས་འདུག
རྒྱ་གར་ཨེ་ཨེན་ཨ་ཡེ་གསར་ཁང་ (ANI) གི་གནས་ཚུལ་ལྟར་ན། ད་ལན་གྱི་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དམག་དཔོན་ཐུག་འཕྲད་སྐབས། ད་ལྟ་རྒྱ་གར་གཞུང་གིས་རྒྱ་ནག་གི་དམག་མིའི་བྱ་སྤྱོད་ལ་རང་ཚུགས་བརྟན་པོའི་གདོང་ལེན་བྱ་རྒྱུ་ཡིན་པའི་སྐོར་དང་། རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ས་ཁོངས་ཀྱི་དབྱེ་མཚམས་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བའི་དབང་གིས། ས་མཚམས་སུ་རྩོད་རྙོག་རིགས་ཡོང་གིན་ཡོད་པའི་གནད་དོན་ཐད་གྲོས་མོལ་དང་གླེང་སློང་བྱས་འདུག
རྒྱ་དཀར་ནག་གི་ཆེས་མཐོའི་དམག་དོན་མི་སྣར་ཐུག་འཕྲད་ས་ཚིགས་ (BPM) ལྔ་ཡོད་པ་ལས། ཝ་ཅ་ནི་ཨ་རུ་ན་ཅལ་མངའ་སྡེ་ནང་ས་ཚིགས་གཉིས་གྲས་ཀྱི་གཅིག་ཡིན་ལ། ཕྱོགས་གཉིས་ཀྱིས་ད་བར་ལ་དྭགས་ཆུ་ཤུལ་ས་ཚིགས་སུའང་ས་མཚམས་དང་འབྲེལ་བའི་གནད་དོན་གསལ་ཆེད་དམག་དཔོན་ཐུག་འཕྲད་ཡང་ཡང་བྱེད་ཀྱིན་ཡོད་ཀྱང་། ད་ལན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་ཁུལ་དུ་རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་དང་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཡིན་ལ། ཕྱི་ལོ་ ༢༠༢༠ ལོའི་རྒྱ་དཀར་ནག་གི་དམག་མིའི་བར་གྷལ་ཝན་ལུང་གཤོངས་སུ་གདོང་ཐུག་བྱུང་རྗེས། ཕྱོགས་གཉིས་ཀྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་ཆེས་མཐོའི་དམག་དཔོན་བར་ཐུག་འཕྲད་ལན་མང་བྱེད་ཀྱིན་ཡོད་པ་རེད།
ཕྱི་ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་ཌོ་ཝལ་ (Ajit Doval ) དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་གཉིས་ཀྱིས་མཐའ་མཚམས་གཏན་འབེབས་དང་ས་མཚམས་ལས་འདས་པའི་མཉམ་ལས་ལས་དོན་རྒྱུན་སྐྱོང་བྱ་རྒྱུར་དམིགས་ནས་གྲོས་མོལ་བྱས་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་གར་གཞུང་གིས་མཁའ་དབྱིངས་འཁོར་སྐར་བརྒྱུད་རྒྱ་ནག་གཞུང་གིས་སུ་བྷན་སི་རུ་སྟེང་མ་(Upper Subansiri ) རྫོང་ཁུལ་དུ་གཞུང་ལམ་གསར་རྒྱག་གིས་རླངས་འཁོར་ཤར་གཏོང་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེ་ནི་རྒྱ་ནག་གི་ཧིན་བོད་མཐའ་མཚམས་སུ་གསར་རྒྱག་བྱས་པའི་གཞུང་ལམ་གསར་ཤོས་ཤིག་ཏུ་ངོས་འཛིན་བྱེད་མུས་ཡིན་པའི་ཁར། ཕྱི་ལོ་ ༡༩༡༤ ལོའི་གྲོས་ཆོད་ལས་བྱུང་བའི་མེག་མོ་ཧན་ས་ཐིག་ (McMahon Line) གིས་གཏན་འབེབས་བྱས་པའི་ས་ཁུལ་ལས་བརྒལ་ཏེ་གསར་རྒྱག་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཧིན་བོད་ས་མཚམས་སུ་ཁེལ་བའི་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་ ( Mazha) བར་སྤྱི་ལེ་ ༤༦༡༠༠༠ ཡོད་པའི་མཐའ་མཚམས་ཀྱི་མྱུར་སྐྱོད་གཞུང་ལམ་ G695 ཟེར་བ་ཞིག་གསར་རྒྱག་གི་ལས་གཞི་སྤེལ་མུས་ཡིན་འདུག་ལ། གཞུང་ལམ་དེ་ནི་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་གམ་པ་རྫོང་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་སྐྱིད་གྲོང་རྗོང་བརྒྱུད་ནས་གསར་རྒྱག་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་མུས་ཡིན་ཞིང་། ལས་གཞི་དེ་ཕྱི་ལོ་ ༢༠༣༥ བར་ལེགས་འགྲུབ་ཡོང་སླད་ལག་བསྟར་བྱེད་མུས་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། appeared first on བོད་ཀྱི་དུས་བབ།.



