རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

3 hours ago

རྒྱ་ནག་གཞུང་གིས་བོད་མི་ཕྱུག་བདག་དང་རོགས་རམ་བྱེད་མཁན་རྣམས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཐེབས་སའི་ཡུལ་དངོས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་འདུག

འདི་ལོའི་ཟླ་ ༨ ཚེས་ ༢༦ ཉིན་བལ་བོད་ས་མཚམས་ཀྱི་གཞིས་ཀ་རྩེ་ཁུལ་གྱི་སྐྱིད་གྲོང་དང་བལ་ཡུལ་ར་སུ་ཝ་རུ་ས་རུད་དང་ཆུ་ལོག་བྱུང་སྐབས། ཐོག་མར་རྒྱ་ནག་གཞུང་གིས་མི་ ༣ རྐྱེན་འདས་དང་། མི་གྲངས་ ༢༦༥ གར་སོང་ཆ་མེད་བྱུང་བ། དེ་ནས་མི་ ༥ རྐྱེན་འདས་དང་ ༥༥༨ གར་སོང་ཆ་མེད་གྱུར་བ། ཕྱིས་སུ་མི་ ༡༦ རྐྱེན་འདས་དང་ ༥༤༦ བོར་བརླག་བྱུང་སྐོར་སོགས་བསྒྲགས་ཀྱང་།  ད་ལྟའི་ཆར་མི་གྲངས་ ༢༡ རྐྱེན་འདས་སོང་ཡོད་པའི་གནས་ཚུལ་བསྒྲགས་འདུག འོན་ཀྱང་། ས་རུད་དང་ཆུ་ལོག་གི་གོད་ཆག་བྱུང་སྐབས་ཀྱི་སྔ་གཞུག་ཏུ་མི་མང་པོ་ཞིག་གིས་ལག་ཏུ་ཕྲུ་གུ་བཟུང་ནས་རྒྱུགས་བཞིན་པའི་བརྙན་ཐུང་ཞིག་སྐད་འཕྲིན་ཐོག་ཁྱབ་རྗེས་ནག་བསུབས་བཏང་པ་མ་ཟད། ཕྱོགས་ཡོངས་ནས་དམ་དྲག་དང་ལྟ་སྲུང་ནན་མོ་བྱེད་ཀྱིན་ཡོད་པ་རེད།

རོགས་རམ་ལ་ཁ་གཡར་ནས་གཞུང་གི་ལས་དོན་དྲིལ་བསྒྲགས་བྱས་པ།

རྒྱ་གཞུང་གིས་ས་ཡོམ་དང་ས་རུད་སོགས་རང་བྱུང་གི་གོད་ཆག་འབྱུང་སྐབས། མི་མང་ལ་རོགས་རམ་བྱེད་ཀྱིན་ཡོད་ལུགས་དང་། མི་མང་དང་སྲིད་གཞུང་བར་ལྷད་མེད་ཀྱི་བརྩེ་འདང་ཟབ་ལུགས་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་མྱུར་སྐྱོབ་ལས་དོན་མ་སྤེལ་གོང་། མི་མང་གི་ངོས་ནས་རང་འགུལ་གྱིས་རོགས་འདེགས་བྱས་པའི་པར་དང་བརྙན་སོགས་དྲ་ལམ་དུ་ཁྱབ་ཚེ། སྲིད་གཞུང་གི་དྲིལ་བསྒྲགས་ལ་དོ་ཕོག་བཟོ་སྲིད་པས། སྤྱི་ཚོགས་བརྟན་བརླིང་སོགས་ལ་ཁ་གཡར་ནས་ས་གནས་ཀྱི་མི་མང་རྣམས་ཀྱིས་ཡུལ་དངོས་ཀྱི་པར་དང་བརྙན་རྣམས་བརྒྱུད་བསྐུར་བྱ་རྒྱུ་དམ་དྲག་བྱས་པ་དང་། དྲ་དམངས་ཀྱིས་སྤེལ་བའི་པར་དང་བརྙན་སོགས་ནག་བསུབས་བཏང་ནས། དེའི་ཚབ་ཏུ་ཤི་ཅིན་ཕིང་གིས་ཚོགས་འདུ་བསྡུས་ནས་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་ཡོད་ལུགས་དང་། སྲིད་བློན་ལི་ཆང་ཡུལ་དངོས་སུ་སོང་ནས་མཛུབ་སྟོན་བྱས་ཡོད་ལུགས་གཉིས་ཀྱིས་ཁེངས་བཅུག་ཡོད། ཡང་ཆོས་ཕྱོགས་ཀྱི་ཐད་ནས་ཕྱི་ཟླ་ ༨ ཚེས་ ༣༡ ཉིན། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་ཟེར་བས་བཀྲ་ཤིས་ལྷུན་པོར་ས་རུད་དང་ཆུ་ལོག་གི་གོད་ཆག་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསུང་གི་ཡོད་ལུགས་བོད་ལྗོངས་ཉིན་རེའི་ཚགས་པར་དུ་བསྒྲགས་འདུག

སྐྱིད་གྲོང་འགག་སྒོ་ལོ་ཕྱེད་སྔོན་བསྐྱར་བཟོ་བྱས་པ།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༨ ཉིན་སྐྱིད་གྲོང་འགག་སྒོ་རུ་ཆུ་ལོག་ཐེངས་ཤིག་བྱུང་བ་དང་། སྐྱིད་གྲོང་འགག་སྒོ་བཟོ་བསྐྲུན་ཚར་བའི་ལོ་ཕྱེད་ལྷག་གི་རྗེས་སུ་ཡང་བསྐྱར་གཏོར་སྐྱོན་ཐེབས་པས། འདི་ལོའི་ཟླ་ ༨ ཚེས་ ༢༧ ཉིན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་པོད་འཕྲིན་སྟེང་བཞག་པའི་ (吉荣口岸仅开放半年) “སྐྱིད་གྲོང་འགག་སྒོ་ཕྱེས་ནས་ལོ་ཕྱེད་ཙམ་གྱི་རྗེས་ལ་”ཞེས་པའི་ཟུར་ཟའི་ཚིག་དུམ་དེ་དོ་སྣང་ཆེ་ཤོས་ཀྱི་བརྗོད་གཞི་ཞིག་ཏུ་གྱུར་ཞིང་།   ཆུ་ཚོད་གཅིག་ཙམ་གྱི་ནང་དུ་དེར་ལྟ་མཁན་མི་གྲངས་ཁྲི་ ༣༤།༧ བྱུང་སྟབས། མཐར་རྒྱ་ནག་གཞུང་གིས་ནག་བསུབས་བཏང་ཡོད། དེའི་རྒྱུ་མཚན་ནི། སྤྱི་ཚོགས་ཁྲོད་ཅིའི་ཕྱིར་རང་བྱུང་གནོད་འཚེ་འབྱུང་སླ་བའི་ལམ་ཁར་འགག་སྒོ་བཟོས་པ་དང་། གནོད་འཚེ་སྔོན་འགོག་གི་ཤེས་བྱ་མེད་པ། གནོད་སྐྱོན་ཐེངས་གཉིས་ཐེབས་པའི་གནས་ཚུལ་ཐད་མི་མང་གིས་གླེང་སློང་བྱ་སྲིད་པ་སྦས་སྐུང་བྱ་ཆེད་ཡིན་པ་རེད།

བོད་མིའི་མཐུན་སྒྲིལ་གྱི་ནུས་པ་ཇེ་ཆུང་དུ་གཏོང་བ།

བོད་ནང་རང་བྱུང་གི་གོད་ཆག་འབྱུང་སྐབས། བོད་མི་མང་པོ་ཞིག་འདུ་འཛོམས་ཀྱིས་རོགས་འདེགས་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ནི་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད། དཔེར་ན། གྲྭ་བཙུན་རྣམས་ཀྱིས་གནོད་ཐེབས་ས་ཁུལ་དུ་སྨོན་ལམ་བཏབ་ན་ཆོས་ལུགས་ཀྱི་སྟོབས་ཤུགས་འཕེལ་བ་དང་།  བོད་མི་ཚོའི་དབར་དྲ་འབྲེལ་དང་རོགས་རམ་གྱི་ནུས་པ་ཆེ་རུ་སོང་ན། གཞུང་གི་སྟངས་འཛིན་གྱི་རྒྱ་ལས་བརྒལ་འགྲོ་སྲིད་པ་དེ་རེད།  སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་ཁག་ཏུ་བོད་མི་འབོར་ཆེན་འདུ་འཛོམས་བྱས་པར་དམ་དྲག་བྱེད་ཀྱིན་ཡོད་པ་མ་ཟད། ཐ་ན་གནོད་འཚེ་ཐེབས་པའི་ས་ཁུལ་དུ་རོགས་རམ་བྱས་པ་དེས་ཀྱང་རྒྱ་གཞུང་ལ་སེམས་ཁྲལ་སློང་གི་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་དིང་རིར་ས་ཡོམ་བྱུང་སྐབས་བོད་ནང་གི་དྲ་དཔོན་སོགས་ཀྱིས་མ་སྐུལ་དང་བླངས་སྒོས་ཡུལ་དངོས་སུ་རོགས་རམ་བྱེད་དུ་ཕྱིན་ཡང་ཉིན་གསུམ་གྱི་རྗེས་སུ་བཀག་འགོག་བྱས་ཡོད་ལ། ད་ཐེངས་ཀྱང་སྐྱིད་གྲོང་དུ་གོད་ཆག་བྱུང་སྐབས་དྲ་ལམ་གྱི་གནས་ཚུལ་དང་བརྙན་མང་པོ་བཀག་སྡོམ་དང་།  དེ་བཞིན་རོགས་སྐྱོར་བ་རྣམས་ཡུལ་དངོས་སུ་ཡོང་བཅུག་མེད། རྒྱ་ནག་གཞུང་གིས་གཞུང་དོན་དྲིལ་བསྒྲགས་ཀྱི་ཁེ་ཕན་ལེན་ཐབས་བྱེད་ཀྱིན་ཡོད་པ་ལས། མི་མང་གི་གནས་བབ་དང་བདེ་སྡུག་ལ་བསམ་བློ་གཏོང་གི་མེད་པ་རེད།

དེ་བཞིན་དུ་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བྱུང་བའི་ཡུལ་ཤུལ་གྱི་ས་ཡོམ་དང་། ཕྱི་ལོ་༢༠༢༤ ལོའི་ཟླ་ ༢ ཚེས་ ༡༨ ཉིན་མགོ་ལོག་རྨ་སྟོད་དུ་བྱུང་བའི་ཆུ་ལོག ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བྱུང་བའི་དིང་རིའི་ས་ཡོམ། ཉེ་ཆར་སྐྱིད་གྲོང་དུ་བྱུང་བའི་ས་རུད་དང་ཆུ་ལོག་ཁྲོད།  བོད་མི་རྐྱེན་འདས་དང་། རྨས་སྐྱོན། སྡོད་གནས་སོགས་ལ་གྱོང་གུད་ཚབས་ཆེན་བྱུང་ཡོད།  གནས་ཚུལ་འདི་འདྲ་འབྱུང་སྐབས་དགོན་པ་དང་། ཚོགས་སྡེ། གང་ཟག་སྒེར་བཅས་ཀྱིས་ཟས་གོས་དང་དངུལ་དངོས་སོགས་ཀྱི་རོགས་སྐྱོར་སྤེལ་བ་ནི་བོད་པ་ནང་ཁུལ་གྱི་སྲོལ་བཟང་ཞིག་སྟེ། ཕན་ཚུན་རོགས་རམ་དང་། སྤྱི་ཚོགས་ཀྱི་བརྩེ་སེམས་མཚོན་པའི་རྣམ་པ་ཞིག་ཡིན། འོན་ཀྱང་།  རྒྱ་ནག་གཞུང་གིས་གཞི་རིམ་མི་མང་གི་རོགས་རམ་འདི་འདྲར་སྡང་པོ་བྱེད་ཀྱི་ཡོད། དཔེར་ན། ཡུལ་ཤུལ་ས་ཡོམ་སྐབས་རྫ་སེར་ཤུལ་དགོན་པའི་གྲྭ་པ་ཚོས་ཐོག་མར་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་སྐབས། དང་ཐོག་རྒྱ་ནག་གཞུང་འབྲེལ་གསར་ཁང་ཤིན་ཧྭ་དང་ཀྲུང་དབྱངས་བརྙན་འཕྲིན་ཁང་སོགས་ཀྱིས། གྲྭ་པ་ཚོས་མྱུར་སྐྱོབ་ལས་དོན་ཐོག་ཧུར་ཐག་བྱས་ཟེར་ནས་བསྟོད་བསྔགས་ཀྱིས་གནས་ཚུལ་སྤེལ་ཡང་།  ཉིན་འགའི་རྗེས་སུ་ཁ་ཕྱོགས་ལ་འགྱུར་བ་བཏང་སྟེ། དགོན་པར་དམ་དྲག་བྱས་ཤིང་། གྲྭ་བཙུན་རྣམས་དགོན་པར་ལོག་དགོས་ཞེས་བཀའ་བཏང་ལ། གསར་ལམ་ཁག་ཏུའང་གྲྭ་བཙུན་རྣམས་ཀྱིས་རོགས་རམ་བྱས་པའི་སྐོར་གྱི་གནས་ཚུལ་ཉུང་དུ་བཏང་ནས། རྒྱ་ནག་དམར་ཤོག་ཚོགས་པས་རོགས་སྐྱོར་བྱེད་ཀྱི་ཡོད་ལུགས་ཀྱི་གནས་ཚུལ་བསྒྲགས་ཡོད་པ་དང་། དེ་ནས་བཟུང་དགོན་པའི་གྲྭ་བཙུན་ཁག་གིས་སྤྱི་ཚོགས་རོགས་སྐྱོར་བྱ་རྒྱུར་ཆོག་མཆན་དང་ཐོ་འགོད་སོགས་བྱ་དགོས་པའི་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཡོད།

འདས་ལོའི་དིང་རིའི་ས་ཡོམ་གྱི་སྐབས་སུའང་བོད་པ་ནང་ཁུལ་གྱི་ཚོགས་སྡེ་ཁག་དང་། ཕྱུག་བདག དྲ་དཔོན་སོགས་མི་སྒེར་གྱིས་ནུས་པའི་ལྕོགས་ཚོད་ཀྱིས་ཟས་གོས་སོགས་དགོས་མཁོའི་ཅ་ལག་སྐྱེལ་འདྲེན་དང་། གནོད་ཐེབས་ཡུལ་དངོས་སུ་སོང་ནས་སྒོར་མོ་སྦྱིན་གཏོང་སོགས་བྱས་ཏེ་གདུང་སེམས་མཉམ་བསྐྱེད་བྱས་ཡོད། འོན་ཀྱང་། སྐྱིད་གྲོང་གི་ཆུ་ལོག་སྐབས་སུ་བོད་ནང་གི་ཚོགས་སྡེ་རྣམས་ལ་ཁྲིམས་མཐུན་མིན་པའི་དངུལ་སྡུད་ཅེས་པའི་མིང་འོག་ནས་བཀག་འགོག་དང་། སྒེར་ཐོག་ནས་རོགས་སྐྱོར་བྱེད་པར་ཆོག་མཆན་ཞུ་དགོས་སྟབས། བོད་ནང་གི་མང་ཚོགས་ལ་རོགས་སྐྱོར་བྱེད་འདོད་ཀྱི་བློ་ཡོད་ཀྱང་འགྲོ་བསྐྱོད་ཀྱི་བཀའ་རྒྱ་བཙན་པས། བོད་མི་མང་པོ་ཞིག་གིས་གླུ་མ་ཧན་ཧུང་གི་ཐེབས་རྩར་ཞལ་འདེབས་ཕུལ་བའི་དཔང་ཡིག་གི་པར་རིས་སོགས་དྲ་ལམ་དུ་སྤེལ་ནས། གདུང་སེམས་མཉམ་བསྐྱེད་ཀྱི་བརྙན་ཐུང་སྤེལ་བཞིན་པ་མཐོང་རྒྱུ་འདུག

རྒྱ་ནག་གཞུང་གིས་དེ་ལྟར་བྱེད་པའི་དམིགས་ཡུལ་ནི་གནོད་ཐེབས་རོགས་སྐྱོར་ལ་བརྟེན་ནས་བོད་ནང་གི་ཚོགས་སྡེ་དང་དགོན་པའི་ཤུགས་རྐྱེན་ཆེ་རུ་འགྲོ་བར་ཚོད་འཛིན། གཞུང་གི་ལས་དོན་ཁོ་ན་དྲིལ་བསྒྲགས་ཡོང་ཐབས་བྱས་ཡོད་ཀྱང་། གནོད་འཚེ་ཐེབས་པའི་མི་མང་ལ་དུས་ཐོག་ཏུ་རོགས་སྐྱོར་མི་ཐོབ་པ་དང་། བོད་མི་ཕན་ཚུན་རོགས་རེས་ཀྱི་ལམ་སྲོལ་ལ་གནོད་པ་སྐྱེལ་བཞིན་ཡོད།

 བོད་ཀྱི་དུས་བབ་གསར་ཁང་གིས།

The post རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་། appeared first on བོད་ཀྱི་དུས་བབ།.

Original Article