[དྷ་རམ་ས་ལར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༤ ཉིན། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ (Human Rights Watch) ཤོག་གྲངས་༧༢ ཡོད་པའི་སྙན་ཐོ་གསར་པ་ཞིག་སྤེལ་ཏེ། རྒྱ་གཞུང་གིས་བོད་པའི་སྔོན་འགྲོའི་བྱིས་པ་རྣམས་རྒྱ་རིགས་སུ་བསྒྱུར་བའི་(Assimilation) སྲིད་བྱུས་གཞི་རྒྱ་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༡ ལོའི་“བྱིས་པའི་སྐད་ཡིག་གཅིག་མཐུན་འཆར་གཞི་” ཟེར་བ་དེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རྩ་བ་འཛུགས་སའི་སྔོན་འགྲོའི་སློབ་གྲྭ་ཁག་ནང་བོད་ཡིག་སྦྱོང་སྤྱོད་ཀྱི་ཐོབ་ཐང་རྩ་མེད་བཟོ་བཞིན་ཡོད་པ་ཐེར་འདོན་བྱས་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་སྙན་ཐོ་“བྱིས་པ་ཆུང་ཤོས་ནས་འགོ་འཛུགས་དགོས། (Start with the Youngest Children) ཞེས་པའི་ནང་། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་རྣམས་རང་གི་ཕ་སྐད་དང་རིག་གཞུང་གི་ངོ་བོ་ལས་བྲལ་ཏེ། རྒྱ་རིགས་ལྟེ་བར་བཟུང་བའི་ “ཀྲུང་ཧྭ་མི་རིགས་” ཀྱི་འདུ་ཤེས་འོག་བཙན་ཐབས་ཀྱིས་འཇུག་བཞིན་ཡོད་པ་བཀོད་འདུགརྒྱ་ནག་ཤེས་རིག་ལྷན་ཁང་གིས་ཕྱི་ལོ་༢༠༢༡ ལོར་བཏོན་པའི་འཆར་གཞི་འདིས། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་གྲོང་གསེབ་ཏུ་བུ་བཅོལ་ཁང་དང་། སྔོན་འགྲོའི་སློབ་གྲྭ་ཡོངས་ཀྱི་ནང་། སློབ་ཁྲིད་དང་། འཚོ་བའི་ལྟ་སྐྱོང་། རྩེད་མོ་སོགས་བྱེད་སྒོ་མཐའ་དག་གི་བརྒྱུད་ལམ་དུ་ཁབ་ཀྱི་སྤྱི་སྐད་དམ་རྒྱ་སྐད་” (Mandarin Chinese) ཁོ་ན་བེད་སྤྱོད་གཏོང་དགོས་པའི་བཙན་བཀའ་བཏང་པ་དེས་བོད་པའི་བྱིས་པ་ཚོས་རང་གི་ཕ་སྐད་སྦྱོང་བའི་གོ་སྐབས་ཡོངས་སུ་བཀག་འགོག་བྱེད་ཀྱི་ཡོད་པ་བརྗོད་འདུགརྒྱ་ནག་ནང་སྔོན་འགྲོའི་སློབ་གསོ་དེ་ཁྲིམས་ཐོག་ནས་ངེས་པར་དུ་སྦྱོང་དགོས་པ་ཞིག་མིན་ཡང་། བོད་ཀྱི་ས་ཁུལ་ཁག་ཏུ་དོན་དངོས་ཐོག་བཙན་ཐབས་ཀྱི་རང་བཞིན་དུ་བསྒྱུར་ཡོད། གྲོང་ཁྱེར་ཁག་གི་སློབ་ཆུང་ནང་འཛུལ་ཞུགས་བྱེད་པར་སྔོན་འགྲོའི་སློབ་གྲྭའི་ལག་འཁྱེར་དགོས་པ་དང་། ས་གནས་ལས་བྱེད་ཚོས་ཕ་མ་ཚོར་གནོན་ཤུགས་སྤྲད་དེ་བྱིས་པ་ཚོ་རྒྱ་ཡིག་སྔོན་འགྲོའི་སློབ་གྲྭར་གཏོང་དུ་འཇུག་གི་ཡོད་པ་དང་། སྙན་ཐོའི་ནང་བཀོད་པ་ལྟར་ན། བོད་པའི་བྱིས་པ་མང་པོ་ཞིག་བུ་བཅོལ་ཁང་དུ་ཞུགས་ནས་ཟླ་བ་ཁ་ཤས་ནང་། རང་གི་ཕ་མ་དང་ནང་མི་ལྷན་དུ་བོད་སྐད་བཤད་མི་ཤེས་པའམ་རྒྱག་འདོད་མེད་པའི་གནས་སྟངས་ཆགས་བཞིན་ཡོད་འདུགསྙན་ཐོའི་ནང་སྲིད་བྱུས་ཀྱི་འཕེལ་རིམ་ལ་ལྟར་ན། ཕྱི་ལོ་༡༩༨༤ ལོའི་“མི་རིགས་ས་ཁུལ་རང་སྐྱོང་ཁྲིམས་ལུགས་” ནང་། གྲངས་ཉུང་མི་རིགས་ཁག་གིས་རང་གི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་པའི་ཐོབ་ཐང་ཡོད་པ་གསལ་ཡོད་ན་ཡང་། ཕྱི་ལོ་༡༩༩༠ ནས་༢༠༠༠ བར་རྒྱ་ནག་གིས་ “སྐད་གཉིས་སློབ་གསོ་” ཞེས་པའི་མིང་ཐོག་ནས་རིམ་བཞིན་རྒྱ་ཡིག་སྤྱི་སྐད་ཀྱི་གོ་གནས་མཐོ་རུ་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༠ ནས་བཟུང་ “དཔེ་གཞི་གཉིས་པའི་སྐད་གཉིས་སློབ་གསོ་” ལག་བསྟར་བྱས་ཏེ། བོད་ཡིག་དེ་སློབ་ཚན་གཅིག་ལས་མེད་པ་དང་། སློབ་ཚན་གཞན་ཡོངས་རྒྱ་ཡིག་ཐོག་སློབ་འཁྲིད་བྱེད་པའི་ལམ་ལུགས་བཙན་འགེལ་བྱས། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་བཟོ་ལྷན་ཁང་གིས། ས་གནས་སོ་སོས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་དགོས་པའི་གཏན་འབེབས་དེ་རྩ་ཁྲིམས་དང་འགལ་བར་བརྗོད་དེ་ནུས་མེད་བཟོས། དེའི་རྗེས་ཕྱི་ལོ་༢༠༢༥ ལོར་བོད་རང་སྐྱོང་ལྗོངས་ནང་མཐོ་རྒྱུགས་(Gaokao) ཁྲོད་བོད་ཡིག་གི་ཡིག་རྒྱུགས་ལེན་རྒྱུའི་འདེམས་ཁ་དེ་མེད་པ་བཟོས་པ་དང་། ཕྱི་ལོ་༢༠༢༦ ལོར་ “མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲིམས་ལུགས་” གཏན་འབེབས་བྱས་ཏེ། རྒྱ་ཡིག་སྤྱི་སྐད་སློབ་སྦྱོང་བྱེད་པར་བར་ཆད་གཏོང་མཁན་ལ་ཁྲིམས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་པ་བརྗོད་འདུག སྔོན་འགྲོའི་སློབ་གྲྭའི་ནང་སྐད་ཡིག་གཅིག་པུ་མ་ཡིན་པར། ཆབ་སྲིད་ཀྱི་བསམ་བློ་བཙན་འགེལ་བྱེད་བཞིན་ཡོད་པ་སྟེ། བྱིས་པ་ཚོར་རྒྱ་ནག་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་དགོས་པ་དང་། དམག་དཔུང་ལ་བསྟོད་གླུ་ལེན་པ། རྒྱ་རིགས་ཀྱི་དུས་ཆེན་སྲུང་བརྩི་བྱེད་པ་སོགས་ཀྱིས་བོད་པའི་བྱིས་པ་ཚོར་ “ཀྲུང་ཧྭ་མི་རིགས་” ཀྱི་འདུ་ཤེས་འཛུགས་ཐབས་བྱེད་ཀྱི་ཡོད་ན་ཡང་། སློབ་ཚན་གྱི་ནང་དུ་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་ཆ་ཤས་གཅིག་ཀྱང་མེད་འདུགམཁས་དབང་བྷ་མ་ཨ་མོ་(Bama Amo) ཡིས་ཕྱི་ལོ་༢༠༡༧ ལོར་རྩོམ་ཡིག་ཅིག་གི་ནང་། སྔོན་འགྲོའི་བྱིས་པ་ཚོར་ཕ་སྐད་མི་བསླབ་པར་རྒྱ་སྐད་ཁོ་ན་བཙན་འགེལ་བྱས་ཚེ། ཁོང་ཚོ་བོད་པའི་འཚོ་བ་དང་རིག་གཞུང་ལས་རྒྱང་ཐག་གྱེས་པ་མ་ཟད། རྒྱ་རིགས་ཀྱི་སྤྱི་ཚོགས་ནང་དུའང་ཆ་ཚང་ཞིག་འཛུལ་མི་ཐུབ་པའི་ “རིག་གཞུང་ཆད་ལུས་པ་” (Cultural Rupture) ཞིག་ཏུ་འགྱུར་བཞིན་ཡོད། འདིས་བྱིས་པ་ཚོའི་སེམས་ཁམས་ལ་ཕོག་ཐུག་བཏང་སྟེ། རང་གི་ལོ་རྒྱུས་དང་རིག་གཞུང་ལ་ཞེན་པ་ལོག་པ་དང་། རང་ཉིད་དམའ་བར་ལྟ་བའི་བསམ་བློ་ཞིག་སྐྱེ་རུ་འཇུག་གི་ཡོད་པ་བརྗོད་འདུག དེང་སྐབས་དབང་འཛིན་པ་ཚོས་བོད་པའི་ཕ་མ་ཚོར་ཡང་ཁྱིམ་དུ་རྒྱ་སྐད་རྒྱག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། བྱིས་པ་ཚོར་རྒྱ་སྐད་རྒྱག་བཞིན་པའི་བརྙན་ཐུང་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་བཏང་ཡོད། འདི་ནི་ཁྱིམ་ཚང་གི་ནང་གི་འཚོ་བའི་ཁྲོད་དུའང་རྒྱ་ནག་གཞུང་གིས་ལྟ་ཞིབ་དང་དམ་དྲག་བྱེད་བཞིན་པའི་རྟགས་མཚན་ཞིག་རེད།འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཡན་ལག་འགན་འཛིན་གཞོན་པ་མ་ཡ་ཝང་གིས་ “བོད་ནང་གི་སྐད་ཡིག་བརླག་བཞིན་པ་འདི་ནི་གློ་བུར་བ་ཞིག་མ་ཡིན་པར། རྒྱ་ནག་གཞུང་གི་ཆེད་མངགས་ཀྱི་སྲིད་བྱུས་ཤིག་རེད། གལ་ཏེ་རྒྱ་ནག་གི་བྱེད་སྟངས་འདི་མ་བསྒྱུར་ཚེ། བོད་པའི་མི་རབས་གཅིག་ཆ་ཚང་རང་གི་སྐད་ཡིག་དང་རིག་གཞུང་ལས་བྲལ་བའི་ཉེན་ཁ་ཡོད།” ཅེས་གསུངས་འདུགགསར་འགོད་པ། བློ་བཟང་རྒྱ་མཚོ།



