རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་སྟེང་ཐག་གཅོད་ཅི་ཞིག་བླངས་ཡོད་དམ།

2 hours ago

རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ཟླ་ ༡༠ ཚེས་ ༢༦ ནས་ ༢༩ བར་འཚོགས་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་སྟེང་གི་ཐག་གཅོད་གནད་བསྡུས་ཟེར་བ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ལ་རྒོལ་རྡུང་ཚ་འདེད་བྱས་ཏེ། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་དེ་དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་བྱེད་ཆེད་མིན་པར། དེ་ནི་ཁྲིམས་ལུགས་ཀྱིས་བསྐྱངས་ཤིང་ཕྱི་གསལ་ནང་གསལ་གྱིས་དམར་ཤོག་ཚོགས་པའི་ཕུགས་མདུན་དངོས་སྐྱོང་སྟངས་ཚད་ལྡན་ཞིག་ཡིན་པར་སྟོན་ཐབས་བྱས་འདུག

ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ཞེས་པ་དེའི་འོག་ནས་དབང་ཆ་ཡོད་མཁན་གྱི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་གཞན་གྱི་ལས་ཀ་དང་ཞབས་ཞུ། གོ་གནས་མཐོ་རུ་གཏོང་བ། གན་རྒྱ། ས་ཆ་གླས་པ། ཡང་ན་སྤྱི་ཚོགས་ཀྱི་བདེ་འཇགས་ཐོབ་ཐང་དང་སློབ་འཇུག་སོགས་ཀྱི་ཆེད་དུ་ཁ་གསབ་ངེས་པར་དུ་སྤྲོད་དགོས་ཀྱི་ཡོད་པ་དང་། ཁ་གསབ་དེ་ནི་དངུལ་དངོས་དང་འཁྲིག་སྤྱོད་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལེན་གྱི་ཡོད་ཅིང་། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་སྤེལ་ནས་ལོ་ངོ་ ༡༤ ཕྱིན་ཡོད་ཀྱང་། དམར་ཤོག་ཚོགས་པའི་དབང་ཡོད་དཔོན་རིགས་ཚོས་མི་མངོན་པའམ་ཡིག་ཐོག་ཏུ་བཀོད་མེད་པའི་ཁྲིམས་སྒྲིག་ཞེས་པར་ཁ་གཡར་ནས་ལྐོག་ཟ་རུལ་སུངས་མུ་མཐུད་བྱེད་བཞིན་པ་གསལ་བོ་མངོན་ཡོད།

ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ཞེས་པ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་གལ་ཆེ་ཤོས་སུ་རྩི་ཡི་འདུག་ལ། ཚང་འཛོམས་གྲོས་ཚོགས་མ་འཚོགས་གོང་ནས་གྲོས་ཆོད་དེའི་ཟིན་བྲིས་ལ་ཞི་ཅིན་ཕིན་གྱིས་དངོས་སུ་སྣེ་འཁྲིད་བྱས་ཡོད་པར་བཤད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སློབ་གྲྭའི་འགན་འཛིན་གཞོན་པ་ཞེའེ་ཁྲང་ཐའོ་ཟེར་བས། དུས་ཡུན་གང་འཚམས་ཤིག་གི་རིང་ལ་ཏང་ནང་དང་ཕྱིའི་ཁྲོད་དུ་ཡིག་ཐོག་ཏུ་མ་བཀོད་པའི་སྒྲིག་ལམ་འགའ་ཞིག་གནས་ཡོད་པ་དང་། དེས་ཏང་གི་སྒྲིག་ལམ་དང་སྒྲིག་ཁྲིམས་ཀྱི་མཚན་གནས། དེ་བཞིན་ལག་བསྟར་གྱི་ནུས་པ་ཉམས་དམས་སུ་བཏང་ཡོད་པས་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚོར་སྣང་ཤུགས་ཆེན་པོ་བསླངས་ཡོད། ཅེས་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ཚུལ་ལྟར་ན། ཡིག་ཐོག་ཏུ་མེད་པའི་ཁྲིམས་སྒྲིག་ཟེར་བ་ལག་བསྟར་འོག་ད་ནས་བཟུང་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་རང་ཉིད་ཀྱི་ལྷན་ཁང་ངམ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཙམ་མ་ཡིན་པར་ལས་དོན་ཅི་བསྒྲུབས་དང་དེ་དག་བསྡོམས་སོགས་ཕྱོགས་ཡོངས་ལ་འགན་ནན་མོ་འཁུར་དགོས་ཤིང་། ལྷག་པར་དུ་ད་ནས་བཟུང་དཔོན་རིགས་ཕན་ཚུན་དང་དཔོན་རིགས་དང་མི་མང་བར་སོགས་ཀྱི་ཐུག་འཕྲད་སྐབས་ལེགས་སྐྱེས་དང་ཅ་དངོས་ལེན་པར་ཞེད་སྣང་སྐྱེས་དགོས་པའི་གནས་བབ་ཅིག་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་རྩོམ་སྒྲིག་པའི་གཏམ་ནང་།  རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཡུན་རིང་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་ནི། དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ཆེད་ཡིན་པའི་འགྲེལ་བརྗོད་བྱས་པ་ནི་ནོར་འཁྲུལ་ཡིན་པ་དང་། ལྐོག་ཟ་རུལ་སུངས་ཚར་གཅོད་ལས་འགུལ་ལ་རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཚད་མཐོ་ཡོད་ཁར། ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱིས། ལྐོག་ཟ་རུལ་སུངས་ཚར་གཅོད་ཀྱི་ལས་འགུལ་སྤེལ་བ་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བློ་དཀར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་ཚུལ་བརྗོད་ཡོད་སྐོར་བཀོད་འདུག

རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་མཇུག་བསྡུས་པ་དང་བསྟུན། རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཀྲང་ཡུ་ཞ་དང་ཡུ་གུར་རང་སྐྱོང་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་ཟུར་བ་མཱ་ཤིན་རོའུ།  དབུས་དམག་སྲིད་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ཟུར་བ་ལུའུ་ཀྲིན་ལི་(Liu Zhenli) སོགས་མཐོ་རིམ་དཔོན་རིགས་ ༣༣ ཕྱིར་ཕུད་པ་ཡོངས་བསྒྲགས་བྱས་འདུག

གསར་ལམ་ཁག་གི་གནས་ཚུལ་ལྟར་ན། མཐོ་རིམ་དཔོན་རིགས་ ༣༣ ཕྱིར་འབུད་བྱས་པའི་ཁྲོད་དཔོན་རིགས་ ༡༦ དབུས་དམག་སྲིད་ལྷན་ཁང་དང་འབྲེལ་ཞིང་མི་དམངས་བཅིང་གྲོལ་དམག་ཟེར་བའི་དམག་དཔོན་ཤ་སྟག་ཡིན་པས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིན་གྱིས་དམག་སྲིད་ཁྲོད་ཀྱི་ཁ་གཏད་དབང་ཤུགས་ཚར་གཅོད་བྱེད་བཞིན་པ་གསལ་བོར་མངོན་འདུག་ལ། ད་ཐེངས་ནི་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ལ་དྲག་གནོན་བྱས་པ་ཚབས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་འདུག

སྤྱིར་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་སུ་གཏན་འཇགས་ཚོགས་མི་ ༢༠༥  དང་ཟུར་ཞུགས་ཚོགས་མི་ ༡༡༧ བཅས་ཁྱོན་ ༣༢༢ ཡོད་ཀྱང་། ད་ཐེངས་ཚོགས་ཞུགས་པ་ ༢༧༩ མ་གཏོགས་མེད་སྟབས།  འདི་ནི་ཞི་ཅིན་ཕིན་གྱི་ལོ་ངོ་ ༡༤ དུས་སྐབས་སུ་ཚང་འཛོམས་གྲོས་ཚོགས་ནང་མཉམ་ཞུགས་བྱེད་མཁན་ཆེས་ཉུང་ཤོས་སུ་གྱུར་ཡོད་པ་དང་། མཉམ་ཞུགས་བྱས་མེད་པའི་དཔོན་རིགས་མང་པོ་ཞིག་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་མུས་ཡིན་ཞིང་།   ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་གི་ཐག་གཅོད་དག་གིས་ལོ་རྗེས་མའི་ཏང་གི་ཚོགས་ཆེན་ཉེར་གཅིག་པའི་སྟེང་ཞི་ཅིན་ཕིན་གྱིས་སླར་ཡང་རྒྱ་ནག་གི་སྲིད་དབང་འཛིན་པར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་དབྱེ་ཞིབ་པ་ཚོས་གཅིག་གྲགས་ཐོག་རྗོད་ཀྱིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་སྟེང་ཐག་གཅོད་ཅི་ཞིག་བླངས་ཡོད་དམ། appeared first on བོད་ཀྱི་དུས་བབ།.

Original Article