རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

1 hour ago

རྒྱ་གར་གྱིས་རྒྱ་དཀར་ནག་གཉིས་བར་རྩོད་གཞི་རུ་གྱུར་ཡོད་པའི་ས་ཁུལ་གྱི་ས་མིང་ས་ཁྲའི་སྟེང་བཀོད་པར་རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་ལན་འདེབས་བྱས་འདུག

ཉེ་ལམ་རྒྱ་གར་གཞུང་གིས་ལ་དགས་ཀྱི་ས་ཁུལ་ ༢༨ ཀྱི་ས་མིང་ངོས་འཛིན་ཚད་ལྡན་བགྱིས་ཏེ་རྒྱ་གར་གཞུང་གི་ས་ཁྲའི་སྟེང་བཀོད་ཡོད་ཅིང་། ས་ཁྲའི་སྟེང་གི་ས་མིང་དེ་དག་གི་ཁྲོད་རྒྱ་དཀར་ནག་གཉིས་བར་རྩོད་གཞི་རུ་གྱུར་ཡོད་པའི་ཨག་སའི་ཆིན (Aksai Chin) ཁུལ་གྱི་ས་མིང་ཁག་ཅིག་ཀྱང་ཚུད་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཁམས་ཆབ་སྲིད་ཀྱི་འགུལ་སྐྱོད་དེར་ངོས་ལེན་མེད་པའི་ལན་འདེབས་བྱས་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་ཟེར་བས། རྒྱ་ནག་གཞུང་གིས་རྒྱ་གར་གྱིས་ཁྲིམས་འགལ་ཐོག་ངོས་འཛིན་བྱས་པའི་ལ་དགས་རང་སྐྱོང་ས་ཁུལ་ཟེར་བར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། རྒྱ་གར་གྱིས་ས་མིང་ངོས་འཛིན་ཚད་ལྡན་བྱས་ཡོད་ཟེར་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་ལན་འདེབས་བྱས་འདུག་ལ། རྒྱ་ནག་གཞུང་གིས་ནུབ་ཕྱོགས་མཐའ་མཚམས་སུ་འཁེལ་བའི་ལ་དགས་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་རང་གི་མངའ་ཁོངས་ཡིན་པར་དེ་སྔ་ནས་སྒྲུབ་ཀྱིན་ཡོད།

རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས། ལ་དགས་ཁུལ་གྱི་ས་མིང་ ༢༨ གཞུང་འབྲེལ་ངོས་འཛིན་བྱས་ཏེ། རྒྱ་གར་གྱི་ས་ཁྲ་སྟེང་དུ་བཀོད་ཡོད། ས་མིང་དེ་དག་ཡུལ་དངོས་ཀྱི་མི་མང་དང་ལ་དགས་ཀྱི་གཞུང་འབྲེལ་མི་སྣར་འདྲི་ཞིབ་བྱས་ནས་བཀོད་པ་ཡིན། ཞེས་བརྗོད་འདུག་པ་དང་། ལ་དགས་ཀྱི་ཆབ་སྲིད་དང་སྤྱི་དམངས་ཚོགས་སྡེ་ཁག་གི་ཚོགས་པ་མཐོ་ཤོས་(LAB) ཀྱིས། རྒྱ་ནག་གིས་ལ་དགས་ཀྱི་ནུབ་ཕྱོགས་དེ་རྒྱ་ནག་གི་མངའ་ཁོངས་ཡིན་སྐོར་བརྗོད་པར་ང་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད། ལོ་རྒྱུས་ནང་ལ་དགས་རྒྱ་ནག་གི་ཆ་ཤས་རྩ་བ་ནས་མིན། ཞེས་རྒྱ་ནག་ལ་ལན་འདེབས་བྱས་འདུག་ལ། ལ་དགས་མི་མང་གིས་འདས་པའི་ལོ་ངོ་ ༧༥ རིང་རྒྱ་གར་གྱི་མངའ་འོག་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཡོད་པས། རྒྱ་གར་དབུས་གཞུང་གིས་རྒྱ་ནག་ཧམ་བཤད་ལ་གདོང་ལེན་ནན་པོ་བྱེད་དགོས་པའི་འབོད་སྐུལ་སོགས་ཞུས་འདུག

ཐེངས་འདིར་རྒྱ་གར་གཞུང་གིས་ལ་དགས་ཁུལ་གྱི་ས་མིང་ངོས་འཛིན་བྱས་པའི་ཁྲོད། གངས་རི་བཅུ་གཅིག་དང་རི་ལྔ། ས་ཁུལ་དྲུག འཁྱག་རོམ་ས་ཁུལ་གཉིས། ལ་གཉིས། རི་གཤོངས་གཅིག རྒྱུག་ཆུ་གཅིག་དང་མཚོ་གཅིག ཆུ་མགོ་གཅིག་བཅས་འདུག་ལ། དེ་དག་གི་ཁྲོད་དམིགས་བསལ་རྒྱ་དཀར་ནག་གཉིས་བར་གྱི་ས་ཐིག་གི་མཚམས་སུ་འཁེལ་ཞིང་ཕྱི་ལོ་ ༢༠༢༠ ལོར་གདོང་ཐུག་བྱུང་སའི་བཀའ་བློན་ཆུ་མིག(Hot Springs) གོག་ར་ (Gogra)། དེ་བཞིན། ཨག་སའི་ཆིན (Aksai Chin)སོགས་རྒྱ་དཀར་ནག་གཉིས་ཀྱིས་བདག་དབང་རྩོད་བཞིན་པའི་ས་ཁུལ་ཁག་ཅིག་ཀྱང་ཚུད་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་དཀར་ནག་གཉིས་བར་ས་ཁོངས་བདག་དབང་རྩོད་རེས་ཀྱིས་ས་མིང་བརྗེ་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་པ་དང་། ལོ་དེར་ཐོག་མར་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བོད་ཀྱི་ལྷོ་ཕྱོགས་ས་ཁོངས་ཡིན་སྐོར་བསྒྲུབ་ཆེད། ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དྲུག་གི་མིང་བརྗེ་བསྒྱུར་བྱས་པ་དང་། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གིས་བསྐྱར་དུ་ཨ་རུ་ན་ཅལ་གྱི་ས་ཁུལ་བཅོ་ལྔ་ཡི་མིང་བསྒྱུར་བྱས། དེ་བཞིན། ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ། ༢༠༢༦ བཅས་སུ་ཨ་རུ་ན་ཅལ་ཁུལ་གྱི་ས་ཁུལ་ཁྱོན་ ༡༡༢ ཀྱི་ས་མིང་བརྗེ་བསྒྱུར་བྱས་ཡོད། དེ་བཞིན། རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༨ ནང་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ ༢༧ དང་ད་ཐེངས་འདིའི་ལ་དགས་ཀྱི་ས་ཁུལ་ ༢༨ བཅས་ཁྱོན་ས་ཁུལ་ ༥༥  ཡི་ས་མིང་བརྗེ་བསྒྱུར་བྱས་འདུག

ད་ལྟ་རྒྱ་དཀར་ནག་གཉིས་བར་ལ་དགས་དང་ཨག་སའི་ཆིན་ཁུལ་དུ་ཀེ་ལོ་མེ་ཊར་ ༢༡༥༢ དང་། ཨ་རུ་ན་ཅལ་དང་འབྲས་ལྗོངས་ཁུལ་དུ་ཀེ་ལོ་མེ་ཊར་ ༡༡༢༦ བཅས་ས་ཁྱོན་ཀེ་ལོ་མེ་ཊར་ ༣༢༧༨ ཙམ་གྱི་རྩོད་རྙོག་ཡོད་ཀྱང་། རྒྱལ་ཁབ་གཉིས་ལ་ས་ཐིག་གི་ངོས་འཛིན་བྱེད་ཕྱོགས་མི་འདྲ་བ་ཡོད་པས། རྩོད་རྙོག་ཆེ་བའི་ས་ཁྱོན་ཚད་འཇལ་སྟངས་ཀྱང་མི་འདྲ་བ་ཡོད་པ་རེད། ཕྱི་ལོ་ ༡༩༥༤ ལོར་ནེའུ་རུ་དང་ཀྲའོ་ཨན་ལི་བར་ས་མཚམས་ཀྱི་བདག་དབང་སྐོར་གྲོས་ཆོད་བཞག་པ་ནས་ཕྱི་ལོ་ ༢༠༢༦ བར་ཕྱོགས་གཉིས་ས་མཚམས་རྩོད་རྙོག་དང་འབྲེལ་བའི་གྲོས་མོལ་ཐེངས་ ༢༡ བྱས་ཡོད། ཕྱོགས་གཉིས་བར་ས་མཚམས་རྩོད་རྙོག་དང་འབྲེལ་ནས་གདོང་ཐུག་ཚབས་ཆེ་ཤོས་ནི་ཕྱི་ལོ་ ༡༩༦༢ ལོར་བྱུང་། སྐབས་དེར་རྒྱ་གར་གྱི་དམག་མི་ ༡༣༨༣ རྐྱེན་འདས་དང་ ༡༠༤༧ ལ་རྨས་སྐྱོན་ཕོག་པ། དེ་བཞིན། དམག་མི་ ༡༦༩༦ བོར་བརླག་ཕྱིན་ཡོད། དེ་བཞིན། རྒྱ་ནག་གི་དམག་མི་ ༧༢༢ རྐྱེན་འདས་དང་༡༦༩༧ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད། དེའི་རྗེས་ནས་ཕྱི་ལོ་ ༢༠༢༠ ལོར་བྱུང་བའི་གྷ་ཝན་ལུང་གཤོངས་ཀྱི་གདོང་ཐུག་ཆགས་ཡོད། སྐབས་དེར་རྒྱ་གར་གྱི་དམག་མི་ ༢༠ དཀྲོངས་པ་དང་རྒྱ་ནག་གི་དམག་མི་ ༤ རྐྱེན་འདས་སུ་ཕྱིན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག appeared first on བོད་ཀྱི་དུས་བབ།.

Original Article