ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

3 hours ago

ཁ་སང་མཚན་མོར་ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཁབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་བར་བརྟེན་གཏོར་སྐྱོན་བྱུང་འདུག་ཀྱང་། སྐུ་ཚབ་དོན་གཅོད་དང་ལས་བྱེད་ལ་རྨས་སྐྱོན་བྱུང་མི་འདུག

ཁ་སང་ཕྱི་ཚེས་༡༤ ཉིན་གྱི་མཚན་མོ་པི་ཊོ་རི་ཡའི་ཉེ་འཁོར་སེན་ཊུ་རི་ཡོན་ (Centurion) གྱི་ལི་ཊིལ་ཊོན་མེ་ནོར་ (Lyttelton Manor) དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་བས་མེ་སྐྱོན་བྱུང་ཡོད་པ་དང་། འདི་ནི་ཟླ་བ་གསུམ་ལྷག་ཙམ་གྱི་རིང་དོན་གཅོད་ཁང་ལ་གནོད་འཚེ་བཏང་བ་ཐེངས་གཉིས་པ་དེ་ཡིན་འདུག སྐུ་ཚབ་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་ཀྱིས་གནས་ཚུལ་གྱི་བྱུང་རིམ་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

ལྷོ་ཨ་ཧྥེ་རི་ཁའི་ «ཌེ་ལི་མ་ཝེ་རིཀ» (Daily Maverick) གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ཕྱི་ཚེས་༡༤ མཚན་མོའི་ཆུ་ཚོད་ ༡༡ དང་སྐར་མ་ ༡༥ ཙམ་ལ་བྱུང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ལགས་ཀྱིས། ཤེལ་སྒོའི་ཆག་སྒྲ་ཐོས་ནས་གཉིད་སད་སྐབས་ཁང་པའི་ནང་དུ་དུ་བས་ཁེངས་ཡོད་པ་དང་། ཉལ་ཁང་གི་སྒེའུ་ཁུང་བཅག་ནས་ཕྱི་ལོགས་སུ་ཐོན་པ་ཡིན། ཞེས་འགྲེལ་བཤད་བརྒྱབ་འདུག

ཡང་དོན་གཅོད་ལགས་ཀྱིས། དོན་གཅོད་ཁང་གི་ཆ་ཤས་མང་པོ་དང་། ཡིག་ཆ་ཡོངས་རྫོགས། དེ་བཞིན་ནང་ཆས་ཀྱང་ཚིག་ཡོད་པས། ད་ལྟ་ཁང་པ་དེར་སྡོད་ཐབས་མེད་སྐོར་འགྲེལ་བརྗོད་བྱས་འདུག

འདི་ལོའི་ཟླ་ ༧ ཚེས་ ༦ སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་གསུམ་འཕངས་ཡོད་ནའང་། གཏོར་སྐྱོན་མ་བྱུང་བས།  གནས་ཚུལ་དེ་ཉེན་རྟོག་པར་ཞུ་གཏུག་བྱས་ཀྱང་ཕྱི་ལ་མི་སྒྲོག་པའི་རེ་བ་བྱས་ཡོད་འདུག

སྐུ་ཚབ་དོན་གཅོད་ལགས་ཀྱིས་མདང་དགོང་བྱུང་བའི་དོན་རྐྱེན་དང་འབྲེལ་ནས། དེ་ནི་ཆེད་དམིགས་བྱས་པ་ཞིག་རེད། འབར་རྫས་འཕེན་མཁན་རྣམས་དོན་གཅོད་ཁང་གི་ཁྱམས་རའི་ནང་དུ་འཛུལ་ནས་འབར་རྫས་ཐད་ཀར་སྒེའུ་ཁུང་ནང་དུ་འཕངས་ཡོད་པ་ལས།  དངོས་པོ་གང་ཡང་རྐུ་འཕྲོག་བྱས་མ་སོང་། དེ་ནི་ཆབ་སྲིད་ཀྱི་བརྡ་ལན་ཞིག་རེད། སོ་སོའི་ངོས་ནས་ལྷོ་ཨ་ཧྥེ་རི་ཁའི་གཞུང་ལ་གནོད་པའི་ཆབ་སྲིད་ཀྱི་བྱ་བ་ཅི་ཡང་སྒྲུབ་ཀྱི་མེད་ལ། ལས་འགན་གཙོ་བོ་ནི་ ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚེ་མེད་ཞི་བ་དང་བྱམས་བརྩེའི་དགོངས་གཞི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། མུ་མཐུད་ལས་དོན་ལ་གཞོལ་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་འདི་དང་འབྲེལ་ནས། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་སྐར་མ་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། གནས་ཚུལ་དེ་གསར་ལམ་དུ་ཐོན་པ་དེ་ག་རང་རེད། འདི་ལོའི་ཕྱི་ཟླ་བདུན་པའི་ནང་ལའང་གནོད་སྐྱོན་གཏོང་ཐབས་བྱས་པའི་གནས་ཚུལ་ཞིག་བྱུང་བ་རེད། ཆེད་དམིགས་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་རེད། ཡིན་ནའང་། སུ་ཡིན་མིན་གྱི་དཔང་རྟགས་ང་ཚོར་ཡོད་མ་རེད། ཅེས་བརྗོད་བྱུང་།

དོན་གཅོད་ཁང་གི་ལས་བྱེད་ཀྱི་གནས་སྟངས་ག་རེ་ཆགས་ཡོད་མེད་ཐད་ནས། ཁོང་གིས། ནམ་རྒྱུན་དོན་གཅོད་ཁང་ལ་སྐུ་ཚབ་དོན་གཅོད་དང་། ཆོས་དགེ་ཞིག་མ་གཏོགས་ཡོད་མ་རེད། ཐེངས་འདིར་ཁང་པར་མེ་སྐྱོན་བྱུང་ཡོད་ནའང་། སྟབས་ལེགས་པ་ཞིག་ལ། ཁོང་གཉིས་ཀར་རྨས་སྐྱོན་ཕོག་མི་འདུག ཅེས་བརྗོད་བྱུང་།

དོན་རྐྱེན་དེ་ཐག་གཅོད་ཡོང་བར་བོད་མིའི་སྒྲིག་འཛུགས་ངོས་ནས་ག་རེ་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས། རྩ་བའི་ཆ་ནས་དོན་རྐྱེན་དེ་བྱུང་བའི་གནས་ཚུལ་མགོ་མཇུག་ཚང་མ་གནས་ཡུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པར་ཞུས་ཟིན་པ་རེད། དེ་ནས་མཇུག་སྣོན་ག་རེ་དགོས་ཀྱི་ཡོད་མེད་སྐུ་ཚབ་དོན་གཅོད་ལ་མངགས་ཡོད་པས། རིམ་བཞིན་གསལ་པོ་ཆགས་པ་དང་། མ་འོངས་པར་ཉེན་ཁ་དེ་རིགས་མི་འབྱུང་བར་ཁྲིམས་ཀྱི་སྲུང་སྐྱོབ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

ལྷོ་ཨ་ཧྤེ་རི་ཁའི་པི་ཊོ་རི་ཡ་ས་གནས་སུ་ཆགས་པའི་བོད་ཀྱི་དོན་གཅོད་ཁང་ནི་ལྷོ་ཨ་ཧྥེ་རི་ཁར་བོད་མིའི་སྒྲིག་འཛུགས་ཀྱི་ངོ་ཚབ་ལྟ་བུའི་ལས་ཁུངས་ཤིག་ཡིན། ཕྱི་ལོ་ ༡༩༩༦ ལོར་ནེལ་སོན་མན་ཌེ་ལ་ཡིས་གདན་ཞུ་བྱས་པ་ལྟར་བཙུགས་པ་ཞིག་ཡིན་ལ། སེན་ཊུ་རི་ཡོན་དུ་ཡོད་པའི་ཁང་པ་ཞིག་ལས་ཁུངས་དང་སྡོད་ཁང་གཉིས་ཀའི་ཆེད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་དྲུང་འཕར་དོན་གྲུབ་རྒྱལ་པོ་ལགས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༦ ཉིན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་རེད།

དུས་བབ་གསར་ཁང་གིས་སྤེལ།

The post ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག appeared first on བོད་ཀྱི་དུས་བབ།.

Original Article