བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྣམས་ཀྱིས་ཆོལ་ཁ་དང་ཆོས་རྒྱུད་བྱེ་བྲག་པའི་འཐུས་ཚབ་མིན་པར་བོད་མི་ཡོངས་ཀྱི་འཐུས་མི་ཡིན་པས་ཀུན་སྤྱོད་ལ་ཐུགས་གཟབ་དགོས་པའི་གཞེན་སྐུལ་གནང་སོང་།
དེ་རིང་ཕྱི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། ནང་སྲིད་ལས་ཁུངས་ཀྱི་བར་བརྒལ་བཀའ་འཁྲོལ་ཡིག་ཆ་ཨང་ ༤༢ པའི་བཀའ་འཁྲོལ་ཞུ་ཤོག་ཨང་ ༢༠༥ དང་ ༢༠༦། ༢༠༧ བཅས་སྙན་སྒྲོན་དང་གཏན་འབེབས་གནང་བ་དང་སྦྲགས། གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་ཁག་ཅིག་གིས་གསལ་བཤད་དང་དོགས་འདྲི་གནང་སྐབས། ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།
གནད་དོན་དེ་དང་འབྲེལ་ནས་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས། སྤྱིར་བརྒྱུད་རིམ་འདི་ལ་བཀའ་ཤག་གིས་གསལ་བཤད་དགོས་པ་ཞིག་མཐོང་མ་སོང་། གང་ཡོད་པ་རྣམས་དམར་དམར་རྗེན་རྗེན་དུ་ཡིག་ཐོག་ལ་བཀོད་ཡོད་རེད། རྒྱུན་ལས་ནང་དུ་ཅི་བྱུང་ང་ཚོས་ཤེས་ཀྱི་མེད་མོད། རྒྱུན་ལས་རྣམ་པས་འདི་རུ་བཤད་པ་རེད། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འགྲེལ་བཤད་མི་བྱེད་ཐབས་མེད་ཆགས་སོང་། ནང་སྲིད་ལས་ཁུངས་ཀྱིས་དགུ་ཅུ་གོ་གྲངས་ནས་ས་ཁང་ལ་བདག་པོ་བརྒྱབ་པ་རེད། དེའི་སྔོན་ལ་བདེ་སྲུང་ལས་ཁུངས་ཀྱིས་གཟིགས་རྟོག་གནང་པ་ཞིག་རེད། ནང་སྲིད་ཀྱི་ལག་ཏུ་སླེབས་པ་ནས་བཟུང་ས་ཁང་ཡོངས་རྫོགས་ནང་སྲིད་ལས་ཁུངས་ཀྱིས་ལྟ་རྟོག་བྱས་པ་ཞིག་ཡིན་པས། ཁང་པ་གསར་སྐྲུན་དང་ཉམས་གསོ་ཚང་མ་ནང་སྲིད་ཀྱིས་ལོ་ལྟར་སྔོན་རྩིས་ནང་དུ་འཁུར་གྱི་ཡོད་རེད། ན་ནིང་ནང་སྲིད་ཀྱི་སྔོན་རྩིས་ནང་དུ་བཀའ་བློན་རྣམས་ཀྱི་ལས་ཤག་ལ་བཟོ་བཅོས་དགོས་སྐོར་ཞུས་ཡོད་པ་རེད། སྔོན་རྩིས་བཀའ་འཁྲོལ་དང་རྒྱབ་གཉེར་གནང་རོགས་ཞེས་བཀའ་ཤག་ལ་ཞུས་པ་ཡིན། སྔོན་རྩིས་ཀྱི་དངུལ་ཡོངས་རྫོགས་ལ་སྡོམ་བརྒྱབ་ནས། མ་འོངས་པར་བཀའ་ཤག་གསར་པས་ཐབས་ཤེས་གསར་པ་ཞིག་བཙལ་ཐུབ་ན། དེ་ནས་ཁྱེད་རང་ཚོས་ཞུས་ཤོག་ཅེས་ཞུས་ཡིན། ད་རེས་གྲོས་ཚོགས་སུ་ས་ཡ་བདུན་སྟོང་ཙམ་ཐབས་ཤེས་བྱེད་ཀྱི་ཡིན་ཞེས་བཤད་ཡོད་རེད། ད་ལྟ་ཉན་ཡོང་དུས་བཀའ་བློན་རྣམ་པའི་སྤྱོད་པ་ལ་འགྲེལ་བཤད་བྱས་ཏེ་དཔོན་ཉམས་འདུག་ལྟ་བུ་ཟེར་ཡོང་དུས། གྲོས་ཚོགས་འདི་མང་གཙོའི་དགོན་པ་རེད། འདིའི་ནང་དུ་ཚིག་ག་འདྲ་བེད་སྤྱོད་བྱེད་དགོས་མིན་ནི་མི་དང་མིའི་ཁ་གཏད་ཀྱི་བར་ཁོ་ན་མིན་པར། དགོན་པ་ལ་བརྩི་མཐོང་བྱས་ཏེ་གྲོས་ཚོགས་སུ་ཚིག་ག་འདྲ་བེད་སྤྱོད་དགོས་མིན་ངེས་པར་དུ་ཤེས་དགོས་རེད། གཅིག་གིས་གཅིག་ལ་དམའ་འབེབས་དང་ཟུར་ཟ་བྱས་ན་ཡག་པོ་མི་འདུག་བསམ་གྱི་འདུག བཀའ་བློན་རྣམ་པ་ཚོ་ལ་ཐུགས་འདོད་ཡོད་མདོག་མདོག་བྱས་སོང་མོད། ང་ཚོས་བཟོ་ཡི་ཡིན་ཞེས་བཤད་མེད། ན་ནིང་སྔོན་རྩིས་ནང་འཁུར་བའི་ལས་འཆར་ལ་བཀའ་འཁྲོལ་མ་ཐོབ་པས་ཕྱི་ཟླ་ ༥ ནང་བཀའ་ཤག་ལ་ཐབས་ཤེས་གསར་པ་རྙེད་ཡོད་མིན་ཐད་ཡང་བསྐྱར་ཞུས་པ་ཡིན། དེ་ལ་བརྟེན་ནས་བཀའ་ཤག་གིས་ཕྱི་ཟླ་ ༦ ཚེས་ ༢༢ ལ་སྔོན་རྩིས་འཕར་མ་དེ་རག་སོང་བའི་ལན་འབྱོར་བ་དང་། ཚེས་ ༢༣ ལ་བཀའ་འཁྲོལ་ཞུས་པ་རེད། དེ་རིང་གྲོས་ཚོགས་ནང་དུ་བཀའ་བློན་རྣམ་པར་ལྕི་ཡང་བཀྱགས་པ་ལྟ་བུ་བྱས་ན་འགྲིག་གི་ཡོད་མ་རེད། ཅེས་གསུངས་སོང་།
འདི་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་འཛིན་སྐྱོང་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་རྣམས་ལ་འཕྲིན་ཡིག་ཅིག་ཕུལ་བའི་ནང་། བཀའ་བློན་ལས་ཤག་གི་གནས་སྟངས་གསལ་བཤད་གནང་བའི་ཁྲོད། བཀའ་བློན་ལས་ཤག་གི་གནས་སྟངས། གྲལ་རིམ་དང་པོའི་བཀའ་བློན་ལས་ཤག་གངས་ཅན་ཁང་ནི་ ༡༩༩༦ ལོར་གསར་རྒྱག་བྱུང་འདུག དེ་ནས་ལོ་བཅུའི་མཚམས་ནས་ད་ལྟ་དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་དང་། རང་དབང་ལྡན་པའི་འགན་འཛིན་རྣམ་པའི་ལས་ཤག་ཕན་བདེ་ཁང༌། དེ་ནས་ལོ་བཅུའི་རྗེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པའི་ལས་ཤག་དགའ་ལྡན་ཁང་དེ་བརྒྱབ་འདུག བཀའ་ཤག་སྐབས་ ༡༤ སྐབས་སུ་བཀའ་བློན་རྣམ་པའི་ལས་ཤག་གི་ཁྱམས་ར་རྒྱ་བསྐྱེད་དང༌། སྐབས་དེ་དུས་ཀྱི་སྲིད་སྐྱོང་ལས་ཤག་གི་སྒེའུ་ཁུང་བརྗེ་བསྒྱུར་དང༌། ཞལ་བ་གསར་དུ་བཏིང་འདུག བཀའ་ཤག་སྐབས་ ༡༥ དུས་སུ། ད་ལྟའི་སྲིད་སྐྱོང་སྡོད་བཞིན་པའི་ལས་ཤག་དེ་མགྲོན་ཁང་གི་ངོ་བོར་གསར་རྒྱག་བྱུང་འདུག སྐབས་ ༡༦ པའི་བཀའ་ཤག་སྐབས་སུ། སྲིད་སྐྱོང་དང༌། བཀའ་བློན་གཉིས་བཀའ་བློན་ལས་ཤག་ཏུ་སྡོད་རིང་ཉམས་གསོ་ཙག་ཙིག་ཙམ་ལས་བྱས་མེད་པ་དང༌། གཞན་ལས་ཤག་བཞི་ཆེད་དམིགས་ལས་ཤག་ཡིན་པར་སོང་། སྟོང་པ་ལྷག་ཡོད་སྟབས། ད་ལྟ་ཉམས་གསོ་མ་བྱས་ཚེ་ཁང་པའི་གནས་སྟངས་ཇེ་ཞན་དུ་འགྲོ་ངེས། ལས་ཤག་སོ་སོའི་ནང་ཉམས་གསོ་དགོས་རིགས་ཕུད། སྤྱི་ཡོངས་ཀྱི་ཆུ་སྦུག་དང་བཙོག་ཆུ་འགྲོ་ཡུལ་མ་རྙེད་པ་དང་འགག་བསྡད་པ་རྣམས་ཉམས་གསོ་མི་བྱེད་ཐབས་མེད་དུ་མཐོང༌། ཞེས་གསལ་འདུག
ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་མཇུག་སྡོམ་གསུང་བཤད་ཁྲོད། སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་ལས་སྡོམ་གྱི་གྲོས་ཚོགས་ཆགས་ཡོད་རེད། ལྷན་ཁང་ཁག་གི་ལས་སྡོམ་རྒྱས་པ་དང་བསྡུས་པ་ཡོངས་རྫོགས་ལ་སྤྱི་འཐུས་རྒྱུན་ལས་དང་། སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་སུ་ཆ་ཤས་བཞེས་པའི་བརྒྱུད་རིམ་ཁྲོད། བཀུར་འོས་སྤྱི་འཐུས་རྣམ་པ་ས་ཁུལ་ཁག་ལ་འཚམས་གཟིགས་ལ་ཕེབས་པ་དང་། མི་མང་གི་སྐུ་ཚབ་མཚོན་པའི་ཐོག་ནས་མི་མང་གི་བདེ་སྡུག་སོགས་ལྷན་ཁང་ཁག་ལ་གསུང་རྒྱུའི་གོ་སྐབས་བྱུང་བ་ཙམ་དུ་མ་ཟད། བཀའ་བློན་རྣམས་ཀྱིས་བཀུར་འོས་སྤྱི་འཐུས་རྣམས་ཀྱི་ཐུགས་དོགས་སོགས་གནད་དོན་སྣ་མང་གི་ཐོག་དང་། མི་མང་གི་རེ་བ་བསྒྲུབ་ཐུབ་མིན་གྱི་གནས་སྟངས་ཐད་གསལ་བཤད་གནང་ཡོད་རེད། ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བཀུར་འོས་སྤྱི་འཐུས་ ༤༣ གྱིས་ཆ་ཤས་བླངས་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་ཐད་སྤྱི་འཐུས་ ༡༧ གྱིས་ཆ་ཤས་བླངས་ནས་ལྷན་ཁང་རེ་རེར་ཆ་སྙོམས་སྤྱི་འཐུས་ ༢༩ ཡིས་ཆ་ཤས་བླངས་ཡོད་པ་རེད། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་མིའི་སྤུས་ཚད་གལ་ཆེན་པོ་ཡིན་པ་དང་། ཕྲུ་གུ་གསོ་སྐྱོང་གི་ཐོག་ནས་དེང་སྐབས་ཀྱི་ཟས་རིགས་ཀྱིས་ཕྲུ་གུར་ནད་ན་ཚ་མང་པོ་ཞིག་འབྱུང་གི་ཡོད་པས། དེར་སེམས་འཚབ་དང་ནད་རིགས་དེ་དག་མི་ཡོང་སླད་ཐབས་ལམ་འཚོལ་རྒྱུའི་ཐད་ལ་གླེང་སློང་གནང་ཡོད་རེད། གནད་དོན་དེ་ཚོགས་གཙོས་གལ་ཆེན་པོ་ཞེ་དྲགས་བརྩི་ཡི་ཡོད། གང་ཡིན་ཟེར་ན། བོད་ནང་བོད་ཕྲུག་མང་པོ་ཞིག་སྐྱེས་ཀྱང་རྒྱ་ནག་གཞུང་གིས་ཁྱིམ་ཐོ་མི་སྟེར་བ་དང་། ཟ་འཐུང་གི་དཀའ་ངལ་སོགས་འཕྲད་ཀྱིན་ཡོད་རེད། འོན་ཀྱང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པས་ཕྲུ་གུ་ག་ཚོད་སྐྱེས་སྐྱེས་རེད་དེ། ཕྲུ་གུའི་སྐྱེས་ཚད་ལོ་རེ་ནས་ལོ་རེ་ཉུང་དུ་འགྲོ་ཡི་ཡོད་པ་དང་། སྐྱེས་པ་དག་ཀྱང་སེམས་ཁམས་དང་སྐད་ཆ་མི་བཤད་པའི་དཀའ་ངལ་ཡོད་ན། འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་གི་ནུས་པ་དེ་ཉམས་ཆགས་འགྲོ་ཡི་ཡོད་རེད། ཅེས་གསུངས་སོང་།
ཁོང་མོས། ད་ལན་གྱི་གྲོས་ཚོགས་སྐབས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༧ པའི་དོན་ཚན་བཅུ་གསུམ་པའི་ནང་གསེས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་བྱེད་འདེམས་བསྐོ་བྱ་ལམ་དོན་ཚན་དང་པོར་མང་མོས་གཏན་འབེབས་བྱུང་སྐོར་དང་། བོད་ཀྱི་གཞོན་སྐྱེས་གཙོས་བོད་མི་རྣམས་ཀྱིས་བོད་མིའི་བདེན་མཐའ་སེལ་སླད། དབུ་མ་དང་རང་བཙན་གཉིས་ཀའི་ཐོག་ནས་འཐབ་རྩོད་ཀྱི་ལས་དོན་ལ་གཞོལ་དགོས་སྐོར། སྤྱི་འཐུས་རྣམས་ཀྱིས་ནང་མོལ་བྱུང་བ་བཞིན་ཚང་མས་འགན་འཁུར་བའི་ཐོག་ནས་བོད་དོན་ཆེད་ཞབས་འདེགས་ཞུ་དགོས་པའི་སྐོར་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་དྲུག་ལས། དོན་ཚན་ལྔ་པ་མར་ཟགས་ཀྱང་དོན་ཚན་གཞན་ལྔ་སྤྱི་མོས་ཐོག་གཏན་འབེབས་བྱུང་བའི་སྐོར། དེ་བཞིན་སྤྱི་འཐུས་རྣམས་ཀྱིས་ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་པའི་འཐུས་ཚབ་མིན་པར་བོད་མི་ཡོངས་ཀྱི་འཐུས་མི་ཡིན་པས་ཀུན་སྤྱོད་ལ་ཐུགས་གཟབ་དགོས་པའི་གཞེན་སྐུལ་སོགས་གནང་སོང་།
གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། appeared first on བོད་ཀྱི་དུས་བབ།.



