ཨི་རན་གྱིས་དམག་འཁྲུག་མཇུག་སྒྲིལ་ཆེད་དོན་ཚན་༡༤ ཅན་གྱི་གྲོས་འཆར་བཏོན།

4 days ago

[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༣ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གཞུང་གིས་ཨ་རི་དང་ཨི་རན་བར་གྱི་དམག་འཁྲུག་གཏན་འཇགས་སུ་མཚམས་འཇོག་བྱེད་ཆེད། དོན་ཚན་༡༤ ཅན་གྱི་ཞི་བའི་གྲོས་འཆར་གསར་པ་ཞིག་བཏོན་ཡོད་པ་དང་། ཨ་རིའི་སྲིད་འཛིན་གྱིས་གྲོས་འཆར་དེར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བརྗོད་པ་དང་སྦྲགས། ཨི་རན་ལ་ཡིད་ཆེས་བྱེད་དཀའ་བའི་རྣམ་པ་ཤུགས་ཆེ་བཏོན་ཡོད་འདུག

ཨི་རན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་གྲོས་འཆར་ནི་ཨ་རིས་བཏོན་པའི་དོན་ཚན་༩ ཅན་གྱི་གྲོས་འཆར་དེར་ལན་དུ་བཏོན་པ་ཞིག་ཡིན་པ་དང་། ཨི་རན་གྱིས་དུས་ཡུན་ཐུང་ངུའི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་ཙམ་མ་ཡིན་པར་ཟླ་བ་གཅིག་གི་ནང་ཚུན་དུ་དམག་འཁྲུག་རྩ་བ་ནས་མཇུག་སྒྲིལ་རྒྱུའི་དམིགས་ཚད་བཟུང་ཡོད་ཅེས་བརྗོད་འདུགཨི་རན་གྱི་དོན་ཚན་༡༤ ཅན་གྱི་གྲོས་འཆར་ནང་དུ། མ་འོངས་པར་ཨི་རན་ལ་བཙན་འཛུལ་མི་བྱེད་པའི་ཁག་ཐེག་དགོས་པ། ཨི་རན་གྱི་མཐའ་འཁོར་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ། བཀག་སྡོམ་བྱས་པའི་ཨི་རན་གྱི་རྒྱུ་ནོར་ཨ་སྒོར་ཐེར་འབུམ་མང་པོ་ཕྱིར་སློག་དགོས་པ། ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཁག་རྩིས་མེད་གཏོང་དགོས་པ་དང་དམག་འཁྲུག་གི་གུན་གསབ་སྤྲོད་དགོས་པ། ལེ་བྷན་ནོན་ (Lebanon) ཚུད་པའི་ས་ཁུལ་ཡོངས་ཀྱི་དམག་འཁྲུག་མཚམས་འཇོག་དགོས་པ། དེ་བཞིན་ཧོར་མུ་ཟི་(Hormuz) མཚོ་ལམ་གྱི་བདེ་འཇགས་ཆེད་འགྲོ་ལུགས་གསར་པ་ཞིག་བཟོ་དགོས་པ་སོགས་འཁོད་འདུགབདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། སྲིད་འཛིན་ཊོམ་གྱིས་གསར་འགོད་པར། གལ་ཏེ་ཨི་རན་གྱིས་བྱ་སྤྱོད་ངན་པ་སྤེལ་ཚེ། ཨ་རིས་ཡང་བསྐྱར་དྲག་པོའི་རྒོལ་རྡུང་བྱེད་སྲིད་པ་དང་། ཁོང་གིས་གྲོས་འཆར་དེར་ཞིབ་འཇུག་བྱེད་བཞིན་ཡོད་ནའང་། ཨི་རན་དང་མཉམ་དུ་གྲོས་མཐུན་འབྱུང་ཐུབ་མིན་ལ་ཐེ་ཚོམ་ཡོད་པ་བརྗོད་འདུགགཞན་ཡང་སྲིད་འཛིན་ཊོམ་གྱིས་Truth Social དྲ་ལམ་ཐོག་ཏུ། ཨི་རན་གྱིས་འདས་པའི་ལོ་ངོ་༤༧ རིང་འཛམ་གླིང་ལ་བཟོས་པའི་གནོད་འཚེའི་ཆེད་རིན་པ་འོས་འཚམ་ཞིག་ད་དུང་སྤྲད་མེད་པས། གྲོས་འཆར་འདི་དང་ལེན་བྱེད་རྒྱུ་ནི་ཁག་པོ་རེད་ཅེས་བརྗོད་འདུག

གནས་ཚུལ་དབྱེ་ཞིབ་པ་འགས། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་བར་མཚོ་འགག་བཀག་སྡོམ་དང་ཨི་རན་གྱི་རྡུལ་ཕྲན་ནུས་པ་བཅས་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་ལ་ལྟ་བ་མི་མཐུན་པ་ཡོང་བཞིན་ཡོད་ཚུལ་བརྗོད་འདུག ལོ་འདིའི་ཕྱི་ཟླ་༤ ཚེས་༨ ནས་བཟུང། ཕྱོགས་གཉིས་ཀས་དམག་མཚམས་བཞག་ནས་བདུན་ཕྲག་གསུམ་འཁོར་གྱི་ཡོད་ན་ཡང་། ཧོར་མུ་ཟི་མཚོ་ལམ་བཀག་སྡོམ་བྱས་པའི་རྐྱེན་གྱིས་འཛམ་གླིང་ཁྱོན་གྱི་རྡོ་སྣུམ་གྱི་གོང་ཚད་འཕར་བཞིན་ཡོད་པ་དང་། རྒྱུ་མཚན་དེར་བརྟེན། ཨ་རིའི་གཞུང་ལའང་གནོན་ཤུགས་སླེབས་བཞིན་པ་བརྗོད་འདུགཨ་རི་དང་ཨི་རན་བར་དམག་འཁྲུག་འགོ་བཙུགས་ནས་ད་བར་ཟླ་བ་གཉིས་ལྷག་ཕྱིན་ཡོད་པ་དང་། བརྒྱུད་ལམ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ད་བར་མི་གྲངས་ཁྱོན་ལྔ་སྟོང་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག དམག་འཁྲུག་མ་ལངས་གོང་རྡོ་སྣུམ་ལྕགས་ཟོ་རེར་ཨ་སྒོར་༦༥ ཡིན་པ་ནས་ད་ལྟ་ཨ་སྒོར་༡༡༡།༢༩ བར་འཕར་ཡོད་པ་དང་། འཛམ་གླིང་གི་རྡོ་སྣུམ་དང་རླངས་རྫས་ཕྱིར་འདྲེན་གྱི་བརྒྱ་ཆ་༢༠ འགྲོ་སའི་ཧོར་མུ་ཟི་མཚོ་ལམ་བཀག་པས། འཛམ་གླིང་གི་དཔལ་འབྱོར་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་འདུག།གསར་འགོད་པ། བློ་བཟང་རྒྱ་མཚོ།

Original Article