ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

3 hours ago

ཨ་རི་རྒྱལ་ཡོངས་ཀྱི་ལས་ཁུངས་ཁག་གིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་ (DeepSeek) དང་དེ་འབྲེལ་གྱི་འཕྲུལ་རིག་མ་ལག་གཅིག་ཀྱང་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་འདུག

ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས། རྒྱ་ནག་གི་ཌིབ་སིག་བཅོས་མའི་རིག་ནུས་ཀྱིས་ཨ་རིའི་གསང་གནད་ཆེ་བའི་གནས་ཚུལ་མང་པོ་ཞིག་རྐུ་འཁྱེར་བྱེད་ཉེན་ཡོད་པས་བཀག་སྡོམ་བྱས་པ་ཡིན་པའི་འགྲེལ་བརྗོད་བྱས་འདུག་པ་དང་། ཨ་རིའི་ཕོ་བྲང་དཀར་པོའི་འཕྲུལ་རིག་འགན་འཛིན་མེ་ཁེལ་ (Michael Kratsios) ལགས་ཀྱིས། རྒྱ་ནག་གི་བཅོས་མའི་རིག་ནུས་ཁག་ལ་གཞན་གྱི་གནས་ཚུལ་རྐུ་འཁྱེར་བྱེད་པའི་ནུས་པ་བསྐྲུན་འདུག་ཅེས་བརྗོད་ཡོད།

ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་དེའི་ནང་ཨ་རིའི་རྒྱལ་སྲུང་ལྷན་ཁང་ཕུད་པའི་གཞུང་འབྲེལ་གྱི་ལྷན་ཁང་ཚང་མ་ཚུད་ཡོད་ཅིང་། ཨ་རིའི་ནོར་སྲིད་ལས་ཁུངས་དང་རྒྱལ་དོན་ལྷན་ཁང་། ཁྲིམས་འཛིན་ལྷན་ཁང་སོགས་གཞུང་འབྲེལ་གྱི་ལས་ཁུངས་ཚང་མའི་གློག་ཀླད་དང་ཁ་པར། མཉེན་ཆས། དེ་བཞིན། བཅོས་མའི་རིག་ནུས་ཀྱི་མ་ལག་ཚང་མའི་ནང་ཌིབ་སིག་གཏན་འགོག་བྱེད་དགོས་ཀྱི་འདུག་ལ། བཀག་སྡོམ་དེ་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཨ་རིའི་བཅོས་མའི་རིག་ནུས་བཟོ་རྩལ་ཁང་ཁག་གིས་ཀྱང་རྒྱ་ནག་གི་བཅོས་མའི་རིག་ནུས་ལ་སྐྱོན་བརྗོད་བྱས་འདུག འོན་ཀྱང་ད་སྔར་བར་རྒྱ་ནག་གཞུང་དང་རྒྱ་ནག་གི་ཌིབ་སིག་ལས་ཁུངས་ཀྱིས་གནད་དོན་དེའི་ཐད་ལན་འདེབས་གང་ཡང་བྱས་མི་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ དང་ཕྱི་ལོ་ ༢༠༢༦ བཅས་སུ་ཌིབ་སིག་བཅོས་མའི་རིག་ནུས་དང་གཏེར་ཚང་བཅོས་མའི་རིག་ནུས་སོགས་གསར་བཟོ་བྱས་ཏེ། དམར་ཤོག་ཚོགས་པའི་ལྟ་བ་དང་དྲིལ་བསྒྲགས་རྒྱ་སྐྱེད་དང་་འགྲེལ་བཤད་རྒྱག་གིན་ཡོད་ཁར།  བོད་གཙོས་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གནད་དོན་དང་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་དང་འགལ་བའི་གནད་དོན་རིགས། ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པའི་གནད་དོན་སོགས་བཀག་སྡོམ་བྱས་ཡོད་པ་རེད། དམིགས་བསལ་ཉེ་ལམ་གཏེར་ཚང་བཅོས་མའི་རིག་ནུས་ཀྱིས་སྦྱིན་བདག་བསྟན་འཛིན་ནོར་བུས། གཏེར་ཚང་རིག་ནུས་བཀོལ་སྤྱོད་ཀྱིས་མི་རིགས་མཐུན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་སྐོར་བརྗོད་ཡོད། ད་ལྟའི་ཆར་གཏེར་ཚང་རིག་ནུས་ལ་རྩིས་ཐབས་དང་དཔེ་དབྱིབས་ཐོ་འགོད་བྱས་པའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་དེར་བོད་སྐད་ཀྱི་ཤན་སྦྱར་ཡིག་མཛོད་ཁྲི་ ༧༠༠༠ ཙམ་དང་བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཡིག་མཛོད་ཆུ་ཚོད་ ༣༠༥༠༠ ཙམ་ཡོད་པ་རེད།

ད་ལྟ་ཨ་རི་དང་རྒྱ་ནག་བར་བཅོས་མའི་རིག་ནུས་རྒྱ་སྐྱེད་ཀྱི་འགྲན་རྩོད་དང་འགལ་ཟླ་ཆེན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། རྒྱ་ནག་གཞུང་གིས་ཨ་རིའི་འོས་བསྡུ་དང་འབྲེལ་ནས་འོས་འཕེན་པ་ས་ཡ་ ༢༢༠ ཡི་གནས་ཚུལ་རྐུ་འཁྱེར་བྱས་པའི་སྐྱོན་བརྗོད་བྱས་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་ད་སྔ་བར་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་དམ་ཚིག་སྲུང་སྟེ། ཨ་རིའི་འོས་བསྡུ་ནི་ཨ་རིའི་ནང་སྲིད་ཡིན་པས། དེའི་མཇུག་འབྲས་སོགས་ཨ་རིའི་མི་མང་གིས་ཐག་གཅོད་ཀྱི་ཡོད་ཅེས་སྐྱོན་བརྗོད་དེར་ངོས་ལེན་བྱས་མེད་པ་རེད།  ཉེ་བའི་ཟླ་འགའི་རིང་ཨ་རིས། རྒྱ་ནག་གི་རིག་ནུས་དག་གིས་ཨ་རིའི་དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་བསྐྲུན་ཡོད་ཁར། རྒྱ་ནག་གིས་ཨ་རིའི་རིག་ནུས་གཏན་འགོག་གི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བའི་སྐྱོན་བརྗོད་བྱས་ཡོད། རྒྱ་ནག་གིས་ཨ་རིའི་རིག་ནུས་མཉེན་ཆས་ཁག་ལ་བདེ་འཇགས་ཀྱི་དཀའ་ངལ་ཚབས་ཆེན་ཡོད་པས། རྒྱ་ནག་ནང་བཀོལ་སྤྱོད་བྱ་རྒྱུ་བཀག་འགོག་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས། appeared first on བོད་ཀྱི་དུས་བབ།.

Original Article