ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་བཟོ་གྲྭ་གཉིས་ཀྱིས་ཁོའུ་བྷར་དམག་དོན་གོ་མཚོན་མཁོ་སྤྲོད་བྱས་པའི་ངོས་འཛིན་འོག་ཉེས་ཆད་བཅད་འདུག
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། ཕྱི་ལོ་ ༢༠༢༦ ལོར་རྒྱ་ནག་གི་རྒྱལ་ཁབ་གློག་རྡུལ་ནང་འདྲེན་ཕྱིར་གཏོང་བཟོ་གྲྭ་(CEIEC) དང་པེ་ཅིན་(H&C Technologies) ལག་རྩལ་ཚད་ཡོད་བཟོ་གྲྭ་གཉིས་ཀྱིས། ཕྱི་ལོ་ ༢༠༢༦ ལོར་ཁོའུ་བྷ་རྒྱལ་ཁབ་ཀྱི་དམག་དོན་གོ་མཚོན་ཚོང་གཉེར་ཁང་ (Sociedad Mercantil Duna) ལ་དམག་དོན་དང་འབྲེལ་བའི་དངོས་ཟོག་མཁོ་སྤྲོད་བྱས་ཡོད། ཅེས་བརྗོད་འདུག
ཨ་རིས་ཐག་གཅོད་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕྱི་སྲིད་ལ་ཉེན་ཁ་ཆེ་བའི་ངོས་འཛིན་བགྱིས་ཏེ་བླངས་པ་ཡིན་ཞིང་། ཉེས་ཆད་དེའི་འོག་ནས་ཨ་རིར་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་དེ་གཉིས་དང་འབྲེལ་བའི་རྒྱུ་དངོས་དང་ཚོང་ལས་བཀག་སྡོམ་བྱ་རྒྱུ་ཡིན་པ་མ་ཟད། ཨ་རིའི་མི་སེར་གཅིག་གིས་ཀྱང་བཟོ་གྲྭ་དེ་གཉིས་ལ་འབྲེལ་བ་བྱ་ཆོག་གི་མེད་པ་རེད།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨ་རིའི་ཉེས་ཆད་དེ་དག་ལ་ངོས་ལེན་མེད་ཁར་རྒྱ་ནག་གི་བཟོ་གྲྭ་ཁག་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ཡིན་པར་བརྗོད། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་སམ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཆོག་མཆན་མེད་པར་ཁྲིམས་མཐུན་མིན་པའི་གཅིག་ཕྱོགས་ཀྱི་ཉེས་ཆད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་གི་ཚོང་ལས་ཁང་ཁག་གི་ཁྲིམས་མཐུན་དང་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན། ་ཝ་ཤིང་ཊོན་གྱིས་སྔར་ལས་ཤུགས་ཆེ་རུ་བཏང་བའི་ཉེས་ཆད་དེས་ཁོའུ་བྷ་མི་དམངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཐོབ་ཐང་ལ་བཙན་འཛུལ་བྱས་ཡོད། ཨ་རིས་གླིང་ཕྲན་དེར་བཀག་སྡོམ་དང་། ཉེས་ཆད། གནོན་ཤུགས་གཞན་དག་སྤྲོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག
ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཁོ་རོའུ་བྷའོ་ལགས་ཀྱིས། ཁོིའུ་བྷའི་ཕྱི་རྒྱལ་གྱི་རྒྱབ་སྐྱོར་བྱེད་མཁན་ཚོས་དམག་དོན་ཡོ་བྱད་མཁོ་སྤྲོད་བྱས་ཏེ་དེའི་དྲག་ཆས་དམག་དཔུང་ལ་རྒྱབ་སྐྱོར་བྱས་པ་དང་གཉའ་གནོན་བྱེད་པར་རོགས་རམ་བྱས་ཡོད། ད་དུང་ཁོའུ་བྷའི་རྒྱལ་ས་ཧ་ཝ་ན་ནི་ཨ་རིར་གནོད་འཚེ་གཏོང་མཁན་དང་། གསང་ཉུལ་དང་ཇུས་གཏོགས་བྱེད་མཁན་གྱི་རྒྱལ་སྤྱིའི་མཐུན་ཕྱོགས་ཤིག་གི་གཞི་རྟེན་ས་ཆ་ཞིག་ཏུ་གྱུར་ཡོད་པའི་སྐྱོན་འཛུགས་ཀྱང་བྱས་འདུག
ཨ་རིས་ངོས་འཛིན་བྱས་པ་ལྟར་ན། རྒྱ་ནག་གི་བཟོ་གྲྭ་དེ་གཉིས་ཀྱིས་ཁོའུ་བྷ་ཡི་གསར་བརྗེ་དམག་དོན་ལྷན་ཁང་ལ་གོ་མཚོན་མཁོ་སྤྲོད་བྱས་ཡོད་པ་དང་། བཟོ་གྲྭ་དེ་གཉིས་ནི་རྒྱ་ནག་གཞུང་འབྲེལ་གྱི་གློག་རྡུལ་དང་འཕྲུལ་རིགས་ཡན་ལག་ཁེ་ལས་ཁང་ཡིན་ཞིང་། རྒྱལ་སྲུང་དང་བདེ་འཇགས། གསང་བའི་གནས་ཚུལ་འཕྲིན་ལམ་མ་ལག་སོགས་ནང་འདྲེན་ཕྱིར་གཏོང་བྱེད་བཞིན་ཡོད་པ་རེད། ད་སྔ་བར་ཨ་རིས་རྒྱ་ནག་གི་བཟོ་གྲྭ་དེ་གཉིས་ཀྱིས་དམག་དོན་དང་འབྲེལ་བའི་དངོས་ཟོག་ཅི་ཞིག་མཁོ་སྤྲོད་བྱས་པ་དང་དངོས་ཟོག་གི་རིན་བབ། ད་དུང་གནས་ཚུལ་དེ་དོན་དངོས་ཡིན་པའི་རྒྱབ་སྐྱོར་ཡིག་ཆ་སོགས་གང་ཡང་བསྟན་མེད་པ་རེད།
ཨ་རི་དང་ཁོའུ་བྷ་བར་གྱི་རྩོད་རྙོག་དེ། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཁོའུ་བྷ་དེ་དམར་ཤོག་རྒྱལ་ཁབ་ཡིན་པ་དང་ད་ལྟའི་དབང་འཛིན་པ་ཚོས་མི་མང་ལ་དྲག་གནོན་བྱེད་བཞིན་ཡོད་པས། ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ཅིའི་ཐད་ནས་ཁོའུ་བྷ་ནི་ཨ་རིའི་འགལ་ཟླར་གྱུར་ཡོད་པར་ངོས་འཛིན་གྱིས། ཁོའུ་བྷར་ཚོང་འབྲེལ་དང་སྣུམ། ཕྱི་འབྲེལ་སོགས་བཀག་སྡོམ་བྱས་ཏེ་གནོན་ཤུགས་སྤྲོད་མགོ་བརྩམས་ཡོད། ཉེ་ལམ་ཕྱི་ཟླ་ ༡༠ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་ཊོམ་ཕུས་གཏམ་བཤད་སྤེལ་སྐབས། ཁོའུ་བྷའི་སྐུ་ཚབ་ཀྱིས་ཊོམ་ཕུར་ངོ་རྒོལ་མཚོན་ཆེད་ཚོགས་ཆེན་ནས་ཕྱིར་ཐོན་ཡོད། དེ་བཞིན། ཟླ་དེའི་ནང་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་མེག་ཝལ་ཛི་ལགས་ཀྱིས་གཏམ་བཤད་སྤེལ་སྐབས། ཁོའུ་བྷའི་སྐུ་ཚབ་ཚོས་སྐད་ཤུགས་ཆེན་པོས་ངོ་རྒོལ་བྱས་སྟབས། ཁོ་ཚོའི་བར་ཚིག་མཚོན་དྲག་པོ་འཕེན་རེས་བྱས་ཡོད། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཁོའུ་བྷར་དབང་སྒྱུར་བྱ་རྒྱུ་ཡིན་པའི་དམ་བཅའ་བཞག་ཟིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་། appeared first on བོད་ཀྱི་དུས་བབ།.




