Dharamshala Holds Candlelight Vigil for Lobga Rangzen One Month After His Sacrifice
དེ་རིང་ཕྱི་ཟླ་ ༨ ཚེས་ ༢ རེས་གཟའ་ཉི་མའི་ཕྱི་དྲོ། བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་བློས་གཏོང་གནང་ནས་ཟླ་བ་གཅིག་འཁོར་བའི་དུས་ཚིགས་དང་བསྟུན། བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་གྱི་གོ་སྒྲིག་འོག མེག་གྷན་ཁྲོམ་གཞུང་ནས་བྷག་སུ་ནག་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་གནང་སོང་། ལས་འགུལ་དེའི་ནང་བཞུགས་སྒར་ཁུལ་གྱི་བོད་མི་སེར་སྐྱ་སྟོང་ཕྲག་སྐོར་གྱིས་སེམས་ཚོར་ཆེན་པོས་མཉམ་བཞུགས་གནང་འདུག་ཅིང་། དེ་རིང་གི་ལས་འགུལ་དང་འབྲེལ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། བློ་དགའ་རང་བཙན་དམ་པའི་ཁ་ཆེམས་ལྟར་བོད་མིའི་འཐབ་རྩོད་ཆེད་དུ་ལས་འགུལ་རིམ་པར་སྤེལ་མུས་ཡིན་པ་དང་། ལྷག་པར་དུ་ཁོང་གིས་རང་ལུས་མེར་སྲེག་བཏང་ནས་ཟླ་བ་གཅིག་འཁོར་བའི་རྗེས་དྲན་ཆེད་དུ་ད་ཐེངས་ཀྱི་ལས་འགུལ་འདི་བརྩམས་པ་ཡིན་སྐོར་ངོ་སྤྲོད་གནང་བྱུང་ལ། དེ་བཞིན་ལས་འགུལ་ནང་མཉམ་བཞུགས་གནང་མཁན་མི་མང་ལས་འགུལ་བ་ཁག་ཅིག་ནས་ཀྱང་། བོད་མི་རིགས་ཀྱི་འཐབ་རྩོད་གསོན་པོར་གནས་དགོས་པ་དང་། འཐབ་རྩོད་འགྲུབ་པར་བོད་པ་རང་གིས་ལས་འགུལ་བརྩམས་དགོས་པ། རང་ལུས་མེར་སྲེག་གནང་མཁན་ཡོངས་ཀྱི་མངོན་འདོད་དང་བློས་གཏོང་ནམ་ཡང་མི་བརྗེད་པར་བྱེད་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལ་ང་ཚོས་དུས་ཀུན་ཏུ་ངོ་རྒོལ་ལས་འགུལ་སྤེལ་དགོས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་ཅེས་གསུངས་བྱུང་།
དེ་དང་དུས་མཚུངས་དེ་རིང་གི་ཉིན་མོ་འདིར་བོད་མི་གནས་སྡོད་རྒྱ་ཁྱབ་ཏུ་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་ལྟར། མུམ་བྷའེ་དང་མའེ་སོར་སོགས་སུའང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བློ་དགའ་རང་བཙན་ལ་རྗེས་དྲན་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་འདུག་
རྩ་བའི་དེ་རིང་གི་ལས་འགུལ་འདིའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་འདུག །





