༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

1 hour ago

དེ་རིང་བཞུགས་སྒར་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་གིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དྷ་རམ་ས་ལའི་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཕེབས་བསུ་ཞུས་སོང་།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ སྟེང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གྷ་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་བ་དང་། སྐབས་དེར་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གཙོས་ཉེ་འཁྲིས་དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན། སྦིར་དང་བཀྲ་ཤིས་ལྗོངས། ནོར་གླིང་སོགས་ནས་ཕེབས་པའི་དད་ལྡན་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་བ་བཅས་ཀྱིས་ལག་ཏུ་མཇལ་དར་དང་མེ་ཏོག ཕྲེད་དར་དང་བདུག་སྤོས་སོགས་བཟུང་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་ཞུས་སོང་།

འདི་གའི་གསར་འགོད་པས་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་ཡོང་བའི་དད་ལྡན་ཁག་ཅིག་ལ་མྱོང་ཚོར་ག་རེ་ཡོད་མེད་དྲིས་པར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་པེ་ཊའོ་ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་ཚུར་ཆིབས་བསྒྱུར་གནང་གི་ཡོད་པས། ང་ཚོ་ཚང་མ་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཕེབས་བསུ་ལ་བསླེབས་ཡོད། ༧རྒྱལ་བ་རིན་པོ་ཆེ་འདིར་མ་བཞུགས་པའི་རིང་། དྷ་རམ་ས་ལ་སྟོང་པ་ཆགས་ཏེ་ཡུལ་མིར་ཚོང་མེད་པ་དང་ཅིག་ཚང་གི་མེད་པ་འདྲ་བོ་ཞིག་ཡོད། ད་༧རྒྱལ་བ་རིན་པོ་ཆེ་ཚུར་ཕེབས་ཀྱི་ཡོད་དུས། མི་ཚང་མའི་གདོང་པ་འཛུམ་ཞིག་ཞིག་དང་་བགད་མོ་ཞིག་ཞིག་ཆགས་ཀྱི་ཡོད། མི་ཚང་མས་༧རྒྱལ་བ་རིན་པོ་ཆེ་ཚུར་ཕེབས་པ་ཡིན་ན། ཚོང་ལས་དང་སྤྱི་ཚོགས་ཡར་རྒྱས་འགྲོ་གི་རེད་བསམ་པའི་ཚོར་སྣང་ཡོད་རེད། ཅེས་བརྗོད་བྱུང་།

ས་གནས་སྦིར་ནས་ཕེབས་པའི་བོད་མི་ཚེ་རིང་ལགས་ཀྱིས། མདང་དགོང་༧གོང་ས་མཆོག་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཐོས་པ་དང་ད་ནིང་ཞོགས་པ་ཆུ་ཚོད་དྲུག་པར་ལངས་ཏེ་ཕེབས་བསུ་ལ་ཡོང་བ་ཡིན། ཁོང་འདིར་ཕེབས་པ་ཡིན་ན་སྐྱིད་པོ་འདུག ཁོང་དྷ་རམ་ས་ལར་མ་བཞུགས་ཚེ། དྷ་རམ་ས་ལ་ནི་གཟུངས་གཞུག་མེད་པའི་སྐུ་འདྲ་འདྲ་བོ་ཞིག་འདུག ༧སྐྱབས་མགོན་རིན་པོ་ཆེ་ཡར་ཕེབས་པ་དང་གཙུག་ལག་ཁང་ལ་གཟུངས་གཞུག་ཕུལ་བ་ལྟ་བུ་ཆགས་ཀྱི་རེད། ང་ཚོ་བོད་ཀྱི་གཟུངས་གཞུག་ཡོད་ན་མེད་ན་ཁོང་ཡིན་པས། ཁོང་མེད་ན་ང་ཚོ་བོད་པ་ཚོར་བྱ་རྒྱུ་གང་ཡང་མེད། དེ་བས་དེ་རིང་སེམས་པ་ཧ་ཅང་སྐྱིད་པོ་འདུག ཅེས་བརྗོད་བྱུང་།

དྷ་རམ་ས་ལའི་བོད་མི་ཉི་མ་ལགས་ཀྱིས། དེ་རིང་ང་ལ་ཆ་མཚོན་ན་སེམས་པ་སྐྱིད་པོ་འདུག ༧གོང་ས་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་པ་ནི་སོ་སོའི་ཕ་མ་ཕྱི་ལོགས་ནས་ཕྱིར་ནང་ལ་ལོག་པ་ལྟ་བུའི་ཚོར་སྣང་འབྱུང་གི་འདུག་པས་ཧ་ཅང་དགའ་བོ་ཡོད་ཅེས་བརྗོད་བྱུང་ལ། སྦིར་ནས་ཕེབས་པའི་བོད་མི་ཞིག་གིས་༧གོང་ས་མཆོག་ལ་དྭགས་སུ་ཕེབས་ནས་ཟླ་གཉིས་ལྷག་ཕྱིན་པའི་རིང་དྲ་ཐོག་ནས་མ་གཏོགས་མཇལ་སྐལ་མ་བྱུང་། ཁ་སང་ཁེ་ཉིན་ཁོང་ཕྱིར་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཐོས་པས་ཧ་ཅང་དགའ་བོ་བྱུང་། དེ་རིང་ཞོགས་པ་སྔ་པོ་ལངས་ཏེ་འདིར་དངོས་སུ་ཞལ་མཇལ་རག་གི་རེད་བསམས་ནས་ཧ་ཅང་དགའ་བོ་འདུག ཅེས་བརྗོད་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་བཞུགས་རིང་གི་མཛད་འཕྲིན་ལྟར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ཟླ་ ༦ ཚེས་ ༢༨ ནས་ཟླ་ ༩ ཚེས་ ༤ བར་ཟླ་གཉིས་ལྷག་གི་རིང་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ལ་དྭགས་ཕོ་བྲང་དགེ་འཕེལ་གླིང་དུ་ཁྱོན་ཉིན་གྲངས་ ༤༩ རིང་ཕྱི་རྒྱལ་ཡུལ་གྲུ་ཁག་དང་ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར་བ། ས་གནས་མི་མང་། བོད་མི་བཅས་ཁྱོན་མི་གྲངས་ ༢༡༥༧༢ ལ་མཇལ་ཁ་སྩལ་འདུག་ཅིང་། ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ལ་དྭགས་གནམ་ཐང་ནས་ཕོ་བྲང་དགེ་འཕེལ་གླིང་བར་དད་ལྡན་སེར་འབངས་ ༦༠༠༠༠ གིས་ཕེབས་བསུ་ཞུས། ཕྱི་ཟླ་་༧ ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་༧མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་དད་ལྡན་མི་མང་ ༢༥༠༠༠ ཡིས་༧སྐུའི་འཁྲུངས་སྲུང་གཙི་ཞུས། ཕྱི་ཟླ་ ༧ ཚེས་ ༡༩ ཉིན་༧གོང་ས་མཆོག་གིས་ཏོག་ཡུལ་གྱི་ཐུབ་དབང་སྐུ་བརྙན་ཆེན་མོར་མཆོད་འབུལ་སྨོན་ལམ་མཛད་པ་དང་སྐབས་དེར་སེར་སྐྱ་མི་མང་ ༡༥༠༠ འཛོམས་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༣ ཉིན་༧མགོན་པོ་གང་ཉིད་མཆོག་གིས་སེར་སྐྱ་མི་མང་ ༡༠༠༠ ལྷག་འཛོམས་པའི་ཐོག་དགོན་པ་གྲོང་སྡེར་ཐུབ་དབ་སྐུ་བརྙན་དང་མཆོད་རྟེན་ཡོད་སར་མཆོད་འབུལ་སྨོན་ལམ་མཛད། ཕྱི་ཟླ་ ༨ ཚེས་ ༩ ཉིན་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་དུ་སྟོང་སྐུར་རབ་གནས་དང་མཆོད་འབུལ་སྨོན་ལམ་མཛད། སྐབས་དེར་སེར་སྐྱ་མི་མང་ ༡༥༠༠ འཛོམས་འདུག ཕྱི་ཟླ་ ༨ ཚེས་ ༢༣ ཉིན་དད་ལྡན་སེར་སྐྱ་མི་མང་ ༡༥༠༠༠ འཛོམས་པའི་མང་སྤྲོ་དཔལ་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན་དུ་ཕྱི་ལོ་ ༢༠༢༦ ལོའི་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཉིན་མཐའ་མའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས། ཕྱི་ཟླ་ ༨ ཚེས་ ༣༠ ཉིན་༧གོང་ས་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་བཅས་ནས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་དད་ལྡན་སེར་སྐྱ་མི་མང་ ༢༥༠༠༠ འཛོམས་པའི་ཐོག་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཟླ་ ༩ ཚེས་ ༡ ཉིན་༧གོང་ས་མཆོག་ལ་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་ལ་དྭགས་ནང་ཚོགས་དང་དགོན་ཚོགས། ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡ། ན་ཇུ་མན་མོ་ཡིན་ཨུལ་ཨི་རི་ལཱམ་བཅས་ཁ་ཆེའི་ཆོས་ཚོགས། དེ་བཞིན་ལ་གླེ་ཡེ་ཤུའི་ཚོགས་པ་བཅས་ཀྱི་མི་གྲངས་ ༥༠༠ ནས་གུས་བསྟོད་གསོལ་སྟོན་འདེགས་འབུལ་ཞུས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད། appeared first on བོད་ཀྱི་དུས་བབ།.

Original Article