[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་ནང་། ར་ཤི་ཡར་རྒྱབ་སྐྱོར་བྱེད་མཁན་བྱང་ཀོ་རི་ཡའི་དམག་མི་སྟོང་ཕྲག་མང་པོ་གཏོང་བཞིན་པའི་ཁྲོད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་རང་གི་དམག་མི་ཚོར་དགྲ་བོའི་ལག་ཏུ་བཙན་བཟུང་མི་ཕོག་པའི་ཆེད་དུ། རང་སྲོག་རང་གིས་གཅོད་དགོས་པའི་བཀོད་ཁྱབ་བཏང་བ་མ་ཟད། དེ་ནི་“དཔའ་བོའི་བྱས་རྗེས་”ཤིག་ཡིན་པར་བསྔགས་བརྗོད་བྱས་འདུག
དེ་ཡང་(Bloomberg) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༤ ཚེས་༢༦ ཉིན། བྱང་ཀོ་རི་ཡའི་རྒྱལ་ས་པོང་ཡང་(Pyongyang) དུ་ར་ཤི་ཡའི་དམག་སར་ཚེ་སྲོག་ཤོར་མཁན་བྱང་ཀོ་རི་ཡའི་དམག་མི་ཚོར་རྗེས་དྲན་གྱི་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་བྱས་ཡོད་པ་དང་། སྐབས་དེར་ཀིམ་ཇོང་ཨུན་གྱིས་“རང་ཉིད་རང་གིས་འགད་གཏོར་བྱེད་པའི་ (Self-blasting) ཐབས་ལམ་བཀོལ་ནས་ཆེ་མཐོང་སྲུང་སྐྱོབ་བྱེད་མཁན་གྱི་དཔའ་བོ་ཚོས། གུན་གསབ་གང་ཡང་མི་དགོས་པར་དཔའ་བོའི་ཤི་གསོན་གྱི་ལམ་ཁ་བདམས་པ་རེད།” ཅེས་བཤད་འདུགརང་ཉིད་རང་གིས་འགད་གཏོར་ཞེས་པ་ནི། དམག་མི་ཞིག་གིས་དགྲ་བོའི་ལག་ཏུ་གསོན་བཟུང་བྱེད་རྒྱུའི་ཉེན་ཁ་འཕྲད་སྐབས། རང་ལུས་སྟེང་ཡོད་པའི་འགད་རྫས་སོགས་བེད་སྤྱོད་བཏང་ནས་རང་སྲོག་རང་གིས་གཅོད་པའི་དོན་ཡིན་ཞིང་། ཡུག་རེན་གྱི་གསང་བའི་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། བྱང་ཀོ་རི་ཡའི་དམག་མི་ཚོར་དམག་སར་མ་བཏང་གོང་ནས་བཙན་བཟུང་མི་ཕོག་པའི་ཆེད་དུ་རང་སྲོག་གཅོད་དགོས་པའི་སློབ་གསོ་དང་བཀོད་ཁྱབ་ནན་པོ་བཏང་ཡོད་འདུགརྗེས་དྲན་འགྲེམས་སྟོན་ཁང་དབུ་འབྱེད་ཀྱི་མཛད་སྒོར། ར་ཤི་ཡའི་དམག་སར་ཤི་བའི་བྱང་ཀོ་རི་ཡའི་དམག་མི་ཚོར་ཆེ་བསྟོད་བྱེད་ཆེད། ཀིམ་ཇོང་ཨུན་དང་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཨན་ཌི་རི་བྷེ་ལོའུ་སོབ་ (Andrey Belousov) གཉིས་མཉམ་ཞུགས་བྱས་ཡོད་པ་དང་། མཛད་སྒོའི་སྐབས་སུ་མཁའ་དབྱིངས་སུ་དམག་གི་གནམ་གྲུ་འཕུར་བ་དང་། ལྒང་བུ་དཀར་པོ་གློད་པ་སོགས་ཀྱི་ལམ་ནས་དམག་མི་ཚོར་གུས་འདུད་ཞུས་ཡོད་འདུགརྩ་བས་འགྲེམས་སྟོན་ཁང་འདི་ནི་ར་ཤི་ཡའི་ས་མཚམས་ས་ཁུལ་ཀོ་སི་ཁི་(Kursk) ནས་ཡུཀ་རེན་གྱི་དམག་དཔུང་ཕྱིར་འབུད་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་དང་བསྟུན་ནས་བཟོས་པ་ཞིག་ཡིན་འདུག ཕྱི་ལོ་༢༠༢༥ ལོར་བྱང་ཀོ་རི་ཡའི་དམག་མི་དང་ར་ཤི་ཡའི་དམག་མི་མཉམ་འབྲེལ་གྱིས་ཀིར་སུཀ་ས་ཁུལ་དུ་ཡུཀ་རེན་ལ་དམག་འཐབ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་ཚོད་དཔག་ལྟར་ན། བྱང་ཀོ་རི་ཡས་ཁྱོན་དམག་མི་ ༡༥,༠༠༠ ཙམ་ར་ཤི་ཡར་རོགས་པར་བཏང་ཡོད་པ་དང་། དེའི་ཁྲོད་ནས་དམག་མི་༢,༠༠༠ ཙམ་དམག་སར་བསད་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་དམག་མི་ཤི་བའི་གྲངས་འབོར་གསལ་པོ་བཤད་མེད།ར་ཤི་ཡ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕྱི་ལོ་༢༠༢༤ ལོར་དམག་དོན་མཉམ་འབྲེལ་གྱི་ཆིངས་ཡིག་ཅིག་བཞག་ཡོད་པ་དང་། ཆིངས་ཡིག་དེའི་ནང་རྒྱལ་ཁབ་གང་རུང་ཞིག་ལ་དམག་གི་བཙན་འཛུལ་ཕོག་ཚེ། རྒྱལ་ཁབ་ཅིག་ཤོས་ཀྱིས་དམག་གིས་རོགས་པ་བྱེད་དགོས་པའི་དོན་ཚན་ཡོད་པར་བརྟེན། ད་ལྟའི་བྱང་ཀོ་རི་ཡའི་དམག་མི་རྣམས་ཆིངས་ཡིག་དེ་གཞིར་བཞག་གིས་ར་ཤི་ཡར་རོགས་པར་བཏང་བ་ཞིག་ཆགས་ཡོད་འདུགགསར་འགོད་པ། བློ་བཟང་རྒྱ་མཚོ།



