བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༢ སྟེང་གི་རྩོམ་སྒྲིག་པའི་གཏམ།
བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིའི་ཁྲོད་དུ་ནམ་ཞར་ཞར་ལ་གཞོན་སྐྱེས་གཞོན་སྐྱེས་ཞེས་ལབ་བཞིན་ཡོད། གཞོན་སྐྱེས་ཚོར་སློབ་སྦྱོང་གི་གོ་སྐབས་ཆ་ཚང་ཞིག་སྤྲོད་དགོས་པ་དང་། ལས་ཀའི་གོ་སྐབས་བསྐྲུན་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་གྲལ་དུ་གཞོན་སྐྱེས་སླེབས་པར་གཞོགས་འདེགས་བྱེད་དགོས་པ། དེ་བཞིན་མི་རིགས་གཞན་གྱི་གཞོན་སྐྱེས་ཚོ་དང་དཔུང་བ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པའི་ལམ་ཁ་བཟོ་དགོས་པ་སོགས་ནི། ཧ་ལམ་བོད་མི་ཡོངས་ཀྱི་སེམས་ལ་ཡོད་པའི་སྤྱི་མཐུན་གྱི་བསམ་བློ་ཞིག་རེད་ཅེས་ལབ་ན་ཐལ་དྲགས་མེད་པ་འདྲ།
དངོས་ཡོད་ལག་ལེན་གྱི་ཐོག་ནས་བལྟས་ན། གཞོན་སྐྱེས་དང་འབྲེལ་བའི་ཚོགས་ཆེན་དང་། མགོ་ཁྲིད་ཟབ་སྦྱོང་། སྐད་ཡིག་ཟབ་ཁྲིད། བོད་དོན་ཞུ་གཏུག་བྱེད་ཕྱོགས། ལག་ཤེས་སྦྱོང་བརྡར་སོགས་ལས་དོན་འདྲ་མིན་སྣ་ཚོགས་ཤིག་སྤྱི་སྒེར་ཚང་མས་བསྒྲུབས་དང་སྒྲུབ་མུས་རེད། འདི་ནི་སེམས་ལ་བསམ་པ་ཁ་ནས་བཤད་པ་དང་། ཁ་ནས་བཤད་པ་ལག་བསྟར་བྱེད་བཞིན་པའི་རྣམ་པ་ཞིག་རེད། གནད་དོན་འདིའི་ཐད་ནས་བཟང་ངན་གྱི་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་མོད། འོན་ཀྱང་། ངའི་སེམས་ལ་དངངས་འཚབ་ཅིག་དང་དོགས་པ་ཞིག་ཅིག་ཅར་དུ་ཡོང་གི་འདུག དོགས་པ་དེ་དང་འཚམ་པའི་དྲི་བ་ཞིག་དྲིས་ན་ཕལ་ཆེར་འདི་འདྲ་ཞིག་ཡིན་པར་སྣང་། གཞོན་སྐྱེས་ཀྱིས་སྟོངས་པའི་སྤྱི་ཚོགས་ཤིག་ལ་རེ་བ་ཡོད་དམ།
ང་ཚོའི་མ་འོངས་སོན་རྩ་ཞེས་རེ་བ་བཅོལ་སའི་གཞོན་སྐྱེས་རེ་རེ་བྱས་ནས་ཁོང་ཚོར་ཕུགས་བསམ་ཅི་ཡོད་སྐད་ཆ་དྲིས་ན། ལན་འདྲ་མིན་སྣ་ཚོགས་ཤིག་ཡོང་ངེས་རེད། འོན་ཀྱང་། གཞོན་སྐྱེས་ཕལ་མོ་ཆེར་གཅིག་མཚུངས་ཀྱི་འདོད་པ་ཞིག་ཡོད་པ་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱས་ནས་འགྲོ་རྒྱུ་དེ་རེད། ལོ་རེར་བོད་ཀྱི་གཞོན་སྐྱེས་ག་ཚོད་ཅིག་ཕྱི་རྒྱལ་དུ་འགྲོ་ཡི་འདུག་ཅེ་ན། གྲངས་ཀ་ཏན་ཏན་ཞིག་ཤོད་རྒྱུ་མེད་ལ། ཕལ་ཆེར་བོད་མིའི་སྒྲིག་འཛུགས་ལའང་གྲངས་ཀ་དེ་ཡོད་མི་སྲིད། ཚོད་རྩིས་བྱས་ན། ཧ་ལམ་ལོ་ལྟར་གཞོན་སྐྱེས་ཤེས་ལྡན་པའི་བརྒྱ་ཆ་ལྔ་བཅུ་མ་ཟིན་ཙམ་ཕྱི་ལ་ཐོན་འགྲོ་ཡི་ཡོད་པ་ཤེས་ཐུབ།
དབྱིན་སྐད་ནང་དུ་ Brain Drain ཞེས་པའི་ཚིག་གཅིག་ཡོད་པ་རེད། ཚིག་འདི་ནི་ ༡༩༦༠ རེ་གྲངས་ནང་དབྱིན་ཇི་རྒྱལ་ཁབ་ཏུ་བེད་སྤྱོད་གཏོང་མགོ་ཚུགས་འདུག དེ་ཡང་དབྱིན་ཇིའི་ཚན་རིག་པ་དང་། བཟོ་སྐྲུན་པས་མཚོན་པའི་ཤེས་ལྡན་པ་རྣམས་ཨ་རི་དང་ཁ་ན་ཌ་སོགས་སུ་གནས་སྤོ་བྱས་པའི་སྣང་ཚུལ་དེ་འགྲེལ་བཤད་བྱེད་ཆེད་རེད། བོད་སྐད་ནང་དུ་ཤེས་ལྡན་པ་ཚོ་རྩྭ་ཆུ་བཟང་སར་ཤོར་འགྲོ་བ་ཞེས་དོན་བསྒྱུར་བྱས་ན་གོ་བ་ལེན་བདེ་པོ་འདུག་སྙམ། ལོ་ཤས་སྔོན་མི་འབོར་ཞིབ་བཤེར་བྱས་འབྲས་སུ། བཙན་བྱོལ་བོད་མིའི་བརྒྱ་ཆ་ལྔ་བཅུ་ཙམ་ཕྱི་རྒྱལ་ཡུལ་དུ་གནས་སྤོ་བྱས་ཟིན་པ་གསལ་བོ་ཆགས་པ་རེད། འབྱུང་འགྱུར་གྱི་ལོ་ལྔའི་རྗེས་སུ་རྒྱ་གར་ནང་བོད་མི་ག་ཚོད་ཅིག་ལྷག་གི་རེད་དམ། ལྷག་པར་དུ་ང་ཚོའི་རེ་བ་བཅོལ་སའི་གཞོན་སྐྱེས་ག་ཚོད་ཅིག་ལྷག་གི་རེད་དམ། གཞོན་སྐྱེས་ཚོ་ནི་སྤྱི་ཚོགས་ཀྱི་སྲོག་ཤིང་རེད་ལ། འཐབ་རྩོད་ཀྱི་རྒྱུད་འཛིན་པའང་རེད། ཁོང་ཚོ་མེད་པའི་བཙན་བྱོལ་སྤྱི་ཚོགས་དེ་ག་འདྲ་ཞིག་ཆགས་ཀྱི་རེད། ཧ་ལམ་ལོ་རྒྱུས་ཀྱི་ཀློང་ན་སྔོན་མ་ཞིག་ལ་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ཤིག་ཡོད་པ་རེད་ཅེས་ལབ་རྒྱུ་ཙམ་ལས་གཞན་ཅི།
The post གཞོན་སྐྱེས་ཚོ་རྩྭ་ཆུ་བཟང་སར་ཤོར་འགྲོ་ཡི་མི་འདུག་གམ། appeared first on བོད་ཀྱི་དུས་བབ།.





