ཟླ་འདིའི་ཕྱི་ཚེས་ ༦ ཉིན་འཇར་མན་གྱི་ས་གནས་འོས་བསྡུའི་འགྲན་བསྡུར་ཁྲོད། ས་ཤའོ་ནས་ཨན་ཧྭ་ཧལ་ཐེ་ (Saxony-Anhalt) མངའ་སྡེའི་ནང་གཡོན་ཐལ་རིང་ལུགས་པའི་སྲིད་དོན་ཚོགས་པ་ཨེ་ཨེ་ཧྥི་ཌི་(AfD) ལ་བརྒྱ་ཆ་ ༤༤ ཉེ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། ཞབས་བཀྱགས་གྲངས་ ༣༨ ཐོབ་ཡོད་པ་རེད།
དེང་སྐབས་ཡུ་རོབ་དང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་རྣམས་གཡས་ཐལ་རིང་ལུགས་པའི་ཆབ་སྲིད་ཚོགས་པ་ཁག་གིས་དབང་བསྒྱུར་བྱེད་མགོ་ཚུགས་བཞིན་ཡོད། ད་ལྟའི་ཆར་འཇར་མན་གྱི་ལོ་རེའི་སྲིད་བློན་གྱི་ལས་སྡོམ་ཚོགས་ཆེན་འཚོག་བཞིན་པ་དང་། འདི་ལོར་ཨེ་ཨེ་ཧྥི་ཌི་སྲིད་དོན་ཚོགས་པར་འོས་གྲངས་བརྒྱ་ཆ་ ༤༤ ཉེ་བའི་རྒྱལ་ཁ་ཐོབ་པ་དང་། འཇར་མན་གྱི་ས་ཁྲ་བསྐྱར་དུ་བཟོ་འཆར་སོགས་བསྒྲགས་ཡོད་ལ། འཇར་མན་རྒྱལ་ཡོངས་ཚོགས་འདུའི་ནང་ཨེ་ཨེ་ཧྥི་ཌི་སྲིད་དོན་ཚོགས་པའི་ཚོགས་གཙོ་ཝེ་དྷེལ་ (Alice Elisabeth Weidel) གྱིས། སྲིད་བློན་མིར་ཚི་ (Friedrich Merz) ལ། ཁྱོད་ཀྱིས་དབང་བསྒྱུར་དུས་རབས་མཇུག་སྒྲིལ་སོང་བ་རེད། ཞེས་བརྗོད་ཡོད་འདུག
སྐབས་དེར་སྲིད་བློན་མིར་ཚི་ཡིས། ཁྱེད་ཚོར་མུ་མཐུད་རྒྱབ་སྐྱོར་ཆེ་རུ་འགྲོ་རྒྱུའི་རེ་བ་མ་འཆང་ཞེས་དང་། བརྒྱ་ཆ་ ༥༠ མ་བརྒལ་བར་སྲིད་དབང་སྐྱོང་བའི་གོ་སྐབས་མི་ཐོབ་ཅིང་། ཁྱེད་ལ་དེ་ཐོབ་མེད་པས། ཕྱིན་ཆད་ཀྱང་འཇར་མན་ཡོངས་ནས་ཐོབ་མི་སྲིད། ཁྱེད་ནི་འཛུགས་སྐྲུན་བྱེད་མཁན་ཞིག་མིན་པར། གཏོར་བཤིག་གཏོང་མཁན་ཞིག་རེད། ཅེས་དང་། ཨེ་ཨེ་ཧྥི་ཌི་སྲིད་དོན་ཚོགས་པས་ཨུ་རུ་སུའི་ལངས་ཕྱོགས་བཟུང་བར་སྐྱོན་བརྗོད་དང་། དེས་འཇར་མན་གྱི་ཁེ་ཕན་ལ་གནོད་ཀྱི་ཡོད་པ། ཨུ་རུ་སུ་དང་པུ་ཊིན་ལ་ཁ་གཏད་གཅོག་བྱེད་ནི་དམངས་གཙོའི་འགུག་ཤུགས་ཁོ་ན་ཡིན། ཡིན་ནའང་། ཁྱོད་སྔར་བཞིན་ཨུ་རུ་སུའི་ལངས་ཕྱོགས་སུ་འདུག ཅེས་སོགས་བརྗོད་དེ་ཚ་ཚ་འུར་འུར་ངང་རྩོད་པ་རྒྱག་གིན་འདུག
གནད་དོན་འདིའི་ཐད་ལ། འཇར་མན་གྱི་སྲིད་བློན་ཟུར་བ་ལྕམ་ཨན་ཇི་ལྰ་མྰེ་ཁེལ་གྱིས། འཇར་མན་གྱི་སྲིད་དོན་ཚོགས་པ་ཨེ་ཨེ་ཧྥི་ཌི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ནི་ལོ་རྒྱུས་རང་བཞིན་ཅན་གྱི་དཀྱོག་མཚམས་ཤིག་ལ་ངོས་འཛིན་དང་། དེ་ནི་ཁོ་མོར་མཚོན་ན་ཚོར་འདུ་སྣ་ཚོགས་བྱུང་བའི་དུས་སྐབས་ཤིག་དང་། འཇར་མན་ཆབ་སྲིད་ཚོགས་པ་ཁག་ཚང་མས་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་དང་། ཨེ་ཨེ་ཧྥི་ཌི་སྲིད་དོན་ཚོགས་པར་སྤྱི་ཚོགས་དྲ་ལམ་ཊིག་ཊོག་(TikTok) སྟེང་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་འདུག
ཡུ་རོབ་ཀྱི་ས་ཁུལ་གཞན་དག་ཏུ། གཡས་ཐལ་རིང་ལུགས་པའི་ཁྱབ་ཚད་མི་འདྲ་བ་མངོན་ཡོད། དཔེར་ན། ཧྥ་རན་སིའི་རྒྱལ་དམངས་མཐུན་ཚོགས་ (National Rally) ཀྱིས་ཟླ་ ༣ པའི་གྲོང་ཁྱེར་འོས་བསྡུའི་ནང་པེ་རེ་སི་ (Paris) དང་། ལེའུ་འོན (Lyon)། མ་སིལ་ (Marseille) བཅས་སུ་འཛིན་སྐྱོང་བྱ་རྒྱུའི་འོས་ཤོག་ཐོབ་མེད་ཀྱང་། གྲོང་རྡལ་ཆུང་གྲས་མང་པོའི་ནང་དབང་ཚད་བརྟན་པོར་བཟུང་ཡོད། ཨི་ཊ་ལིའི་ (Italy) སྲིད་བློན་ཇོར་ཇེ་མེ་ལོ་ནི་ (Giorgia Meloni) ཡིས་སྐུལ་འདེད་བྱས་པའི་འོས་བསྡུ་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ལ། ངོ་རྒོལ་འོས་གྲངས་བརྒྱ་ཆ་ ༥༣།༥ དང་མོས་མཐུན་འོས་གྲངས་བརྒྱ་ཆ་ ༤༦།༥ བཅས་བསྐྱར་བཅོས་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་མེད་པས། འདིས་ཁོ་མོའི་ཆབ་སྲིད་གོ་གནས་ཇེ་ཞན་དུ་བཏང་ཡོད་པ་མཚོན་ཡོད་འདུག གནད་དོན་དབྱེ་ཞིབ་པས། གྲོང་ཁྱེར་ཆེན་པོའི་ནང་གཡས་ཐལ་རིང་ལུགས་པའི་སྟོབས་ཤུགས་ནི་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་མ་ཟད། ས་ཁུལ་གཞན་དག་ཏུ་ད་དུང་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པས། འབྱུང་འགྱུར་ཌེན་མག་ (Denmark) དང་། ཧང་གྷ་རི་ (Hungary) ཡི་འོས་བསྡུའི་ཁ་ཕྱོགས་ལ་འགྱུར་བ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
སྲིད་དོན་ཚོགས་པ་འདིར་རྒྱལ་ཁ་ཆེན་པོ་ཐོབ་པའི་གནས་ཚུལ་ཐད་འཛམ་གླིང་ཁྱོན་ཡོངས་སུ་གླེང་སློང་ཆེན་པོ་བྱུང་བས། གཡས་ཐལ་རིང་ལུགས་པའི་ཆབ་སྲིད་ཚོགས་པ་ཁག་གི་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པའི་གནས་བབ་ཐད་ནས་བལྟས་ན། ཡུ་རོབ་ཙམ་མིན་པར་དེང་སྐབས་ལྷོ་ཨ་མེ་རི་ཁར་གཡས་ཐལ་རིང་ལུགས་པའི་དབང་ཤུགས་སྐྱེད་མུས་ཡིན་ཏེ། ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་། ཨར་ཇིན་ཊི་ནའི་(Argentina) སྲིད་འཛིན་ཧ་ཝེར་མི་ལེ། (Javier Milei) དང་། ཆི་ལི་ (Chile) ཡི་རྗོ་སེ་ཨན་ཐེའུ་ཡོ་ (José Antonio Kast)། ཨི་ཁྭ་ཌོར་ (Ecuador) གྱི་ཌན་ནེལ། (Daniel Noboa) ཕ་ར་གུ་ཡེ།(Paraguay) དང་པེ་རུ།(Peru) བྷོ་ལི་ཝི་ཡ།(Bolivia) སལ་ཝ་ཌོར་(Salvador) སོགས་ཀྱི་རྒྱལ་ཁབ་དག་ཏུ་རིམ་བཞིན་གཡས་ཐལ་རིང་ལུགས་པས་ཆབ་སྲིད་སྐྱོང་མུས་ཡིན། འདི་ལོའི་ལོ་མགོར། ས་ཁུལ་དེ་ཚོའི་མགོ་ཁྲིད་ ༡༢ ཡིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོམ་ཕུ་ (Donald Trump) དང་ལྷན་དུ་ཨ་རིའི་བདེ་འཇགས་སྲུང་སྐྱོབ་ (Shield of the America) ཅེས་པའི་མནའ་མཐུན་ཚོགས་པ་ཞིག་བཙུགས་ཡོད་ལ། དེ་བཞིན་དུས་ཡུན་རིང་པོར་གཡས་ཐལ་རིང་ལུགས་ལ་དབང་ཐང་རྒྱས་དཀའ་བའི་རྒྱལ་ཁབ་མཐའ་མར་བརྩི་བའི་བྷི་ར་ཛིལ་ (Brazil) ལ་མཚོན་ནའང་། ད་ལྟ་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་དགོས་པའི་ཐད་གླེང་སློང་དང་བསམ་ཚུལ་མི་མཐུན་པ་མང་པོ་འབྱུང་གི་ཡོད།
སྤྱི་ཡོངས་ནས་བལྟས་ན། འཇར་མི་ནི་དང་། ཧྥ་རན་སི། ཨི་ཊ་ལི་སོགས་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་དང་། ལྷོ་ཨ་མེ་རི་ཁ་ཡོངས་སུ་གཡས་ཐལ་རིང་ལུགས་པའི་ཆབ་སྲིད་ཚོགས་པ་ཁག་གིས་དབང་བསྒྱུར་བྱེད་ཀྱིན་ཡོད་ཅིང་། ཆབ་སྲིད་ཚོགས་པ་དེ་དག་གིས་རྒྱལ་ཁབ་སོ་སོར་མི་རིགས་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་ཀྱི་ཐོག་ནས། རྒྱལ་ཁབ་གཞན་དང་གཞན་ལ་འབྲེལ་འདྲིས་དང་། གནས་སྤོར། སྐྱབས་བཅོལ་བ་སོགས་ལ་ཚོད་འཛིན་བྱེད་ཀྱིན་ཡོད་པ་རེད། ད་ཐེངས་ཀྱི་གཡས་ཐལ་རིང་ལུགས་པའི་རྒྱལ་ཁ་འདི་མ་འོངས་པར་རྒྱ་བསྐྱེད་ཡོང་བའི་ངེས་པ་མེད་སྐོར་གྱི་དབྱེ་ཞིབ་བྱེད་མཁན་ཡང་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད། appeared first on བོད་ཀྱི་དུས་བབ།.



