༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་འཛམ་གླིང་ཞི་བདེ་དང་ཡར་རྒྱས། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་འདེགས་ཞུས་པར་ཆེ་བསྟོད་དུ་མེ་ཊོ་པོ་ལི་ཊན་ཁུ་རེ་སོ་སི་ཊོ་མོ་སི་གཟེངས་རྟགས་ཕུལ་འདུག
ཟླ་འདིའི་ཕྱི་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་དམག་གི་མཐོ་སློབ་ཏུ་ཕྱི་ལོ་ ༢༠༢༦ ལོའི་ཝ་ཤིན་ཊོན་ཨོག་སི་ཌའེ་ཐེབས་རྩ་ཁང་ (Washington OXIDAY Foundation) གི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོག་བཞིན་ཡོད་ཅིང་། མཛད་སྒོའི་སྟེང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེབས་རྩ་ཁང་དེའི་ཕྱི་ལོ་ ༢༠༢༦ ལོའི་མེ་ཊོ་པོ་ལི་ཊན་ཁུ་རེ་སོ་སི་ཊོ་མོ་སི་ (Metropolitan Chrysostomos) ཞེས་པའི་གཟེངས་རྟགས་ཕུལ་འདུག
ཨོག་སི་ཌའེ་ཐེབས་རྩ་ཁང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་བོར་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པ་དང་། བྱམས་སྙིང་རྗེ་དང་འགྲོ་བ་མི་གཅིག་གྱུར་གྱི་རིན་ཐང་སྐུལ་འདེད་གནང་བ། ཞི་བདེ་དང་འཛམ་གླིང་ཡར་རྒྱས་ཀྱི་ཆེད་དུ་འཚེ་མེད་ཞི་བའི་སྒོ་ནས་འབད་བརྩོན་ལྷོད་མེད་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་ཞུ་ཆེད་གཟེངས་རྟགས་དེ་ཕུལ་བ་ཡིན་པའི་འགྲེལ་བརྗོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་༧གོང་ས་མཆོག་གིས། ངོས་ལ་མེ་ཊོ་པོ་ལི་ཊན་ཁུ་རེ་སོ་སི་ཊོ་མོ་སི་ (Metropolitan Chrysostomus) གཟེངས་བསྟོད་གནང་བར་གུས་བཀུར་ཆེན་པོ་ཞུ་བཞིན་ཡོད། ལྷག་པར་དུ་གཟེངས་བསྟོད་འདི་ཆོས་ལུགས་ཀྱི་དབུ་ཁྲིད་མེ་ཊོ་པོ་ལི་ཊན་ཁུ་རེ་སོ་སི་ཊོ་མོ་སི་ལགས་ཀྱི་མཚན་ཐོག་ཏུ་གནས་ཡོད་པ་དེས་ཞི་བདེ་དང་མཐུན་ལམ་གྱི་དགོས་མཁོ་ངོས་འཛིན་བྱས་པ་ཙམ་གྱིས་མི་འགྲིག་པར། དེ་དག་དངོས་སུ་འགྲུབ་པའི་ཆེད་དུ་ལག་ལེན་གྱི་བྱ་བ་སྤེལ་དགོས་པ་གསལ་པོར་བསྟན་པའི་ངེས་ཤེས་རྙེད་བྱུང་། ངོས་ཀྱི་མི་ཚེའི་ནང་དྲོད་ཁོལ་དང་སེམས་པ་བཟང་པོ། སྙིང་རྗེ། བཟོད་བསྲན་བཅས་སྤེལ་ཐབས་བྱས་ཡོད། གང་ཡིན་ཟེར་ན། ལག་ལེན་དེ་དག་བརྒྱུད་ནས་གཞི་ནས་ང་ཚོས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ། བོད་པའི་གཏམ་དཔེ་ཞིག་ལ། དཀའ་ངལ་སྣ་ཚོགས་སྙིང་རྗེ་དང་བྱམས་པའི་སྨན་གཅིག་གིས་སེལ་ཐུབ་ཅེས་པ་དེ་རེད། ཡོན་ཏན་འདི་དག་ནི་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་མཐར་ཐུག་དེ་ཡིན་པ་དང་། དགོས་མཁོ་འདི་ནི་ང་ཚོའི་སེམས་ཀྱི་རྩ་བ་ལྟ་བུ་ཆགས་ཡོད།
གཞན་ལ་དངོས་གནས་སྙིང་རྗེ་བའི་བསམ་བློ་ཞིག་ཡོད་ན། གཞན་གྱིས་ང་ཚོར་དྲག་པོའི་ལན་སྤྲད་ཀྱང་། ང་ཚོའི་སྙིང་རྗེའི་སེམས་མི་འགྱུར། རྒྱུ་མཚན་ནི་བསམ་བློ་དེ་གཞན་གྱི་བདེ་སྐྱིད་ལ་དངོས་གནས་སེམས་ཁུར་བྱེད་པའི་རྨང་གཞིའི་སྟེང་དུ་བཞག་ཡོད་པས་རེད། སྙིང་རྗེ་སྒོམ་པ་ནི་གཞན་ལ་བདག་སྐྱོང་བྱེད་མཁན་གྱི་ཆེད་ལས་པ་དང་། ཆོས་ལུགས་ཀྱི་བླ་མ། སྤྱི་ཚོགས་ཞབས་ཞུ་བ། དེ་བཞིན་མི་ཁ་ཤས་ཤིག་གི་འགན་འཁྲི་ཙམ་མ་ཡིན། དེ་ནི་མི་ཚང་མས་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་ཞིག་ཡིན། ང་ཚོ་རྒྱལ་ཁབ་དང་ཚོགས་སྡེ། ཡང་ན་མི་སྒེར་བཅས་སུ་ཡིན་རུང་། གཞན་ལ་བརྟེན་དགོས་པ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་གཞན་གྱི་བདེ་སྐྱིད་ལ་སེམས་ཁུར་བྱེད་དགོས། ངོས་ནས་རྟག་ཏུ་བཤད་མྱོང་བ་ལྟར། ང་ཚོས་གནད་དོན་ཚང་མར་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་བལྟ་དགོས་པར་ཡིད་ཆེས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན་པའི་བསམ་བློ་སེམས་ལ་བཞག་ནས། བྱམས་སྙིང་རྗེའི་འབད་བརྩོན་འདིའི་ནང་མཉམ་ཞུགས་གནང་རོགས་ཞེས་རེ་སྨོན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཕྱི་ལོ་ ༢༠༢༦ ལོའི་ཨོག་སི་ཌའེ་ཐེབས་རྩ་ཁང་གི་གཟེངས་རྟགས་བཞེས་མཁན་༧གོང་ས་མཆོག་དང་ལྷན་དུ། ཨུ་རུ་སུའི་དམར་གསོད་དང་དྲག་སྤྱོད་ཐེར་འདོན་གནང་མཁན་ཡོ་ཁུ་རེན་གྱི་གསར་འགོད་པ་ལྕམ་ཝིག་ཊོ་རེ་ཡ་ (Victoria Roschcyhna)ལགས་དང་། གཞས་མ་གཏམ་གྱི་སྒྱུ་རྩལ་ལ་བརྟེན་ནས་ཨེ་རན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་སྒྱུ་རྩལ་བ་ཏོ་མ་ཇི་ས་ལི་ཧེ་ (Toomaj Salehi) ལགས། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིའི་དམག་དོན་ལ་བྱས་རྗེས་ཆེ་བའི་ཨ་རིའི་དམག་མི་ཨེ་ཌེས་ལམ་བྷི་རོ་སི་ (Eddie Lambros) ལགས། དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཨ་རིའི་དམག་དོན་བཀོད་འདོམ་གནང་མཁན་གྱི་དམག་དཔོན་མག་གྷ་ཊ་ན་སི་ (Mark Gatanas) ལགས། ཨ་རིའི་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་དང་སྤྱི་དམངས་བདེ་འཇགས་སྲུང་སྐྱོབ་གནང་མཁན་གྱི་དམག་དཔོན་ཁུ་རེ་སི་ (Chris Countouriotis) ལགས་བཅས་འདུག
ཨོག་སི་ཌའེ་ཐེབས་རྩ་ཁང་གི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༢༠༡༡ ལོར་མགོ་བཙུགས་ཤིང་། ད་སྔ་བར་སྲིད་དབང་སྒེར་གཅོད་གཞུང་གི་ཁ་གཏད་གཅོག་མཁན་དང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ནས་རྩིས་པའི་བྱས་རྗེས་ཅན་གྱི་དམག་མི་དང་དམག་ཟུར། དེ་བཞིན། འཛམ་གླིང་ཞི་བདེ་དང་། སྤྱི་དམངས་དང་འགྲོ་བ་མིའི་ཐོབ་ཐང་བཅས་གོང་སྤེལ་སྐུལ་འདེད་གནང་མཁན་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་ལ་ཕུལ་སྲོལ་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post ༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ། appeared first on བོད་ཀྱི་དུས་བབ།.





