དངོས་གཞིའི་འོས་བསྡུ་དང་བལ་ཡུལ་ཁུལ་གྱི་གནད་དོན།

1 week ago

ཉེ་ལམ་བལ་ཡུལ་མཆོད་འཇོར་ས་གནས་སུ་བཙན་བྱོལ་བོད་མིའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྒྲིག་གཞི་དང་འགལ་འཛོལ་བྱུང་རྐྱེན། ཟླ་བ་འདིའི་ཚེས་ ༢༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་མཆོད་འཇོར་ས་གནས་སུ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གྱི་བཀོད་ཁྱབ་གནང་འདུག་ཅིང་། དེར་བརྟེན་བལ་ཡུལ་མཆོད་རྟེན་དང་། འཇོར་པ་ཊི་གཉིས་ཀྱི་ཁྱབ་ཁོངས་མི་མང་དང་། ཐུབ་བསྟན་ཆོས་གླིང་དགོན། བལ་ཡུལ་རྒྱལ་ས་དང་འཕགས་ཞིང་ཁོངས་བཀའ་རྒྱུད་དགོན་པ་ཁག སྦག་ཁང་ཕྱོགས་ཀྱི་གྲྭ་བཙུན་དགོན་ཁག་གསུམ་བཅས་སུ་དངོས་གཞིའི་འོས་བསྡུའི་ཐོབ་ཐང་བཀག་ཡོད་འདུག གནད་དོན་དེ་དང་འབྲེལ་ཏེ་འོས་བསྡུའི་འགན་འཛིན་ལ་བཅར་འདྲི་ཞུས་ཀྱང་། ད་ལྟའི་ཆར་ལན་འདེབས་གནང་རྒྱུ་མིན་པའི་གསལ་བཤད་གནང་བྱུང་། དེ་མཚུངས་ད་ལྟའི་ཆར་ཕྱི་ལོ་ ༢༠༢༦ ལོའི་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་དེ་བཞིན་བོད་མི་གནས་སྡོད་འཛམ་གླིང་ཡུལ་གྲུ་ཁག་ཉི་ཤུ་རྩ་དྲུག་ལྷག་ཏུ་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༦ ཉིན་བཞུགས་སྒར་ཁུལ་གྱི་འོས་བསྡུའི་ས་ཚིགས་ཆེ་ཁག་ཏུ་ཆེད་བཅར་གྱིས་འོས་བསྡུའི་ལས་རིམ་ལ་རྒྱུས་ལོན་དང་། དེ་བཞིན་འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཁག་ཅིག་ལ་འོས་བསྡུའི་གལ་གནད་དང་རེ་འདུན་ཇི་ཡོད་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད། །
Watch on YouTube