འབྲས་ལྗོངས་མངའ་སྡེ་གཞུང་མང་གཉིས་ནས་དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་པའི་གསོལ་འདེབས་ཞུས་པ་ལྟར་རིན་པོ་ཆེ་མཆོག་གིས་ཞལ་བཞེས་མཛད་འདུག
འབྲས་ལྗོངས་ཀྱི་མ་ཡུལ་དང་འབྲས་ལྗོངས་མི་དམངས་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཏང་མཱང་སིཧིན་མཆོག་གིས་བྷན་ཀོག་ཏུ་དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་མཇལ་འཕྲད་ཞུས་ཏེ། ཀརྨ་པ་མཆོག་འབྲས་སུ་ཆིབས་བསྒྱུར་བསྐྱང་བའི་སྐྱབས་འཇུག་ཞུས་པ་ལྟར། རིན་པོ་མཆོག་གིས་ཀྱང་འབྲས་ལྗོངས་སུ་ཕེབས་འདུན་ཡོད་པའི་བཀའ་བཞེས་སྩལ་ཡོད་པ་རེད།
དེ་འབྲེལ་འདི་གའི་གསར་འགོད་པས་འབྲེལ་ཡོད་ལ་སྐད་ཆ་དྲིས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་གཉིས་ཀྱི་མཇལ་འཕྲད་སྐབས། རུམ་ཐེག་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་བསླབ་པ་སློབ་གཉེར། འབྲས་ལྗོངས་གཞུང་མང་གཉིས་ནས་ཀརྨ་པ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་བར་རེ་སྨོན་བཅིང་གི་ཡོད་པའི་ཁར། རུམ་ཐེག་དགོན་དུ་ཀརྨ་མཆོག་ལ་དགོན་ཆེན་ཕོ་བྲང་ཞིག་གསར་འཛུགས་བྱས་ཏེ་འགྲུབ་ལ་ཉེ་ཡོད་སྐོར་སོགས་སྙན་གསེང་ཞུས་ཡོད་པ་རེད་ལ། མཇལ་འཕྲད་སྐབས་མཚུར་ཕུ་གོ་ཤྲི་རྒྱལ་ཚབ་མཆོག་དང་སྐྱབས་མགོན་ཀཱན་ཏིང་ཏའི་གཽ་ཤྲཱི་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱང་ཕེབས་ཡོད་འདུག
གསར་འགོད་པས་དཔལ་རྒྱལ་བ་ཀརྨ་པ་མཆོག་ག་དུས་འབྲས་ལྗོངས་སུ་ཕེབས་འཆར་ཡོད་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ག་དུས་ཕེབས་མིན་གཏན་འཁེལ་མེད། གཏན་འཁེལ་བྱུང་རྗེས་རིམ་བཞིན་གསལ་བསྒྲགས་བྱ་ངེས་ཡིན་ཞེས་བརྗོད་བྱུང་བ་དང་། འབྲས་ལྗོངས་མངའ་སྡེའི་གཞུང་གིས་རྒྱ་གར་དབུས་གཞུང་ལ་ཀརྨ་པ་མཆོག་འབྲས་ལྗོངས་སུ་གདན་ཞུ་གནང་རྒྱུའི་ལས་དོན་སྒྲུབ་མུས་ཡིན་འདུག
ཡང་ཀརྨ་པ་མཆོག་འབྲུག་ཡུལ་དུ་ཕེབས་འཆར་ཡོད་པའི་མཛད་འཆར་སྐོར་ལ་འགྱུར་བ་ཕྱིན་ཡོད་མེད་དྲིས་པར་འགྱུར་བ་གང་ཡང་ཕྱིན་མེད་ཅེས་བརྗོད་བྱུང་བ་དང་། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༧ བར་ཉིན་གྲངས་དགུའི་རིང་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་འབྲུག་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་ཞིང་། མཛད་འཆར་གྱི་ཁྲོད་འབྲུག་པ་གྲོ་སྟག་ཚང་གཙོས་པའི་གནས་ཆེན་ཁག་ཅིག་ལ་གནས་གཟིགས་མཛད་རྒྱུ་དང་། ལྷ་བབ་དུས་ཆེན་ཉིན་འབྲུག་རྒྱལ་པོ་སྐུ་འཁོར་དང་ལྷན་དུ་ཁུལ་དེའི་འབྲུག་དགེ་ལེགས་ཕུག་ས་གནས་སུ་གསར་རྒྱག་གནང་བཞིན་པའི་འབྲུག་ཡུལ་གྱི་ཚོང་འབྲེལ་གྲོང་ཁྱེར་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཞེས་པར་གཟིགས་སྐོར་དང་། འབྲུག་རྒྱལ་པོའི་ཐུགས་དགོངས་ལྟར་མང་ཚོགས་སྟོང་ཕྲག་མང་པོས་དང་བླངས་མཉམ་ཞུགས་ཐོག་ཉིན་གཅིག་ནང་བྱང་ཆུབ་མཆོད་རྟེན་མཐོ་ཚད་ལ་མི་ཊར་ ༡༥ ཅན་ ༡༠༨ བཞེངས་རྒྱུའི་གཞུང་འབྲེལ་གྱི་མཛད་སྒོར་དབུ་བཞུགས་མཛད་དེ་རབ་གནས་དང་། དེ་བཞིན་ཚེ་དབང་དང་བཀའ་དབང་ཁག་ཅིག་སྩལ་རྒྱུའི་མཛད་འཆར་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག appeared first on བོད་ཀྱི་དུས་བབ།.




