དབུས་འོས་བསྡུའི་འགན་འཛིན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་རྒྱ་ནག་ལ་བརྡ་ལན།

1 week ago

དེ་རིང་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བཞིན་འཛམ་གླིང་ཁྲོད་ཀྱི་བོད་མི་འདུ་སྡོད་རྒྱལ་ཁབ་ ༢༧ ནང་བསྐྱངས་ཡོད་པའི་དུས་ཚིགས་དང་བསྟུན།  དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་བཞིན་རྒྱལ་ཁབ་མེད་པའི་འོས་བསྡུ་ཞིག་ཡིན་པའི་ཟུར་ཟ་བྱས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་སོགས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་ཀྱིས་འཁྱོག་བཤད་བྱས་པར་བརྡ་ལན་དང་སྦྲགས། བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་པ་དང་། ཁ་བྲལ་ངོ་མ་དེ་བཞིན་རྒྱ་ནག་གཞུང་གིས་བྱེད་སྟངས་ལས་ཡོང་གི་ཡོད་པ་གསུངས་སོང་། དེའང་དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས།  རྒྱ་ནག་ངོས་ནས་འཁྱོག་བཤད་ག་ཚོད་བྱས་ནའང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས་བོད་མིའི་སྒྲིག་འཛུགས་འདིར་བརྩེ་བ་དང་འབྲེལ་བ། ལྷག་བསམ་དང་རྒྱལ་ཞེན་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དང་།  ད་ལན་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་ཐོག་ནས་རྒྱ་ནག་ལ་བརྡ་ལམ་གསལ་པོ་ཞིག་འགྲོ་ཐུབ་ཀྱི་ཡོད་པ་གསུངས་སོང་།  ཁོང་གིས་ད་དུང་རྒྱ་ནག་གིས་ང་ཚོར་ཁྲིམས་མཐུན་མིན་པའི་འཁྱོག་བཤད་བྱ་རྒྱུར་ནུས་པ་དང་དབང་ཚད་གང་ཡང་མེད་པ་མ་ཟད། རྒྱ་ནག་རང་ཡུལ་དུ་མི་མང་འཐུས་མི་ཚོགས་ཆེན་སོགས་ཀྱི་ནང་དུ་ཚོགས་མི་སྟོང་ཕྲག་བརྒལ་བ་ཡོད་པ་དེ་ལྟར་ཡང་དེའི་ནང་རང་དབང་ལྡན་པའི་ཐོག་ནས་འོས་བསྡུ་བྱེད་ཐུབ་ཀྱི་མེད་སྟབས།   ད་བར་བཙན་བྱོལ་ནང་ལོ་ངོ་ ༧༠ མ་ཟིན་ཙམ་རིང་བོད་མི་ཚོས་རང་དབང་ལྡན་པའི་ཐོག་ནས་འོས་བསྡུ་གནང་ཐུབ་པ་དང་སྒྲིག་འཛུགས་ཧྲ་ཏག་ཏག་གནང་ཐུབ་པ་དེས་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་པ་མཚོན་གྱི་ཡོད་པ་དང་།  རྒྱུ་མཚན་དེས་རྒྱ་ནག་གིས་བོད་དེ་སྔ་ཁྲིམས་འགལ་གྱིས་དྲག་པོས་བཙན་འཛུལ་བྱས་ཡོད་པའི་ཐོག་ད་དུང་བློ་མ་བདེ་བའི་ཐོག་ནས་ཡང་ནས་ཡང་དུ་རྒྱལ་སྤྱིའི་ཁྲོད་བོད་ནང་གི་བོད་མི་རྣམས་སྐྱིད་པོ་ཡོད་པའི་ཡོད་རབས་དང་། བཙན་བྱོལ་ནང་བོད་མི་ཚོས་ཆབ་སྲིད་ཀྱི་ཐོག་ནས་རང་རྒྱལ་ཁབ་སླར་གསོའི་ལས་འགུལ་སྤེལ་བ་དག་ཁྲིམས་འགལ་ཡིན་ལུགས་ཀྱི་འཁྱོག་བཤད་བྱེད་ཀྱི་ཡོད་པ་ལྟར།  ཉེ་ལམ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་བཞིན་རྒྱལ་ཁབ་མེད་པའི་འོས་བསྡུ་ཞིག་ཡིན་པའི་ཟུར་ཟ་བྱས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཐོ་འགོད་བྱེད་མཁན་བོད་མི་ ༩༡༠༠༠ ཙམ་བྱུང་ཡོད་ནའང་བོད་མི་ ༥༡༠༠༠ ཙམ་གྱིས་མ་གཏོགས་འོས་འཕངས་མེད་པ་དེས་མི་མང་གི་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་ཚུལ་སོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་ཀྱིས་འཁྱོག་བཤད་བྱས་པ་དེ་དག་དགོད་བྲོ་བའི་གནས་སྟངས་ཤིག་ཡིན་པས།  གལ་ཏེ་རྒྱ་ནག་གིས་དངོས་ཡོད་ཐོག་བོད་ནང་གདེང་ཚོད་མཐོ་པོའི་བརྒྱུད་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་རང་དབང་ལྡན་པའི་ངང་ནས་གཞིས་ལུས་བོད་མི་རྒྱ་ཆེ་མང་ཚོགས་ཀྱི་དྲུང་ནས་མང་མོས་འོས་བསྡུ་ཞིག་བྱེད་ཚེ་དེ་ནས་དངོས་བདེན་གནས་ཚུལ་ར་འཕྲོད་གསལ་པོ་བྱུང་ངེས་ཡིན་པ་གསུངས་སོང་། མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་འོས་བསྡུའི་ནང་ཆ་ཤས་བླངས་པ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་གི་དྲི་བར་བཀའ་ལན་ཁྲོད། རྒྱལ་སྤྱིའི་ནང་བཙན་བྱོལ་སྤྱི་ཚོགས་མང་པོ་ཡོད་པའི་ནང་ནས་བོད་མིིའི་བཙན་བྱོལ་སྤྱི་ཚོགས་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་མང་གཙོའི་ཆ་ལག་ཡོངས་སུ་ཚང་བ་ཡོད་བསྡད་པ་ཞིག་ཆགས་ཡོད་པར།  རྒྱ་ནག་རང་ལ་མང་གཙོ་མེད་པ་དང་བཙན་བྱོལ་བོད་མིར་མང་གཙོ་ཚད་དང་ལྡན་པ་ཞིག་ཡོད་སྟབས་ལྡོག་ཕྱོགས་ཀྱི་སྐད་ཆ་ཞིག་རང་བཞིན་གྱི་བཤད་བསྡད་ཀྱི་ཡོད་པ་དང་།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཁ་བྲལ་རིང་ལུགས་པ་ཞེས་རྒྱུན་ལྡན་དུ་བཤད་ཀྱིས་ཡོད་ཀྱང་།  ༸རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་མའི་ལམ་གྱི་ཐོག་ནས་ཞི་མོལ་གཉིས་སྨན་གྱི་ཐབས་ལམ་ཞིག་སྟོན་གནང་མཛད་ཡོད་པ་དེ་ལྟར་ཡང་།  རྒྱ་ནག་གཞུང་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོར་ཁ་བྲལ་བ་ཞེས་བཤད་ཀྱི་ཡོད་དུས།  ཁ་བྲལ་ངོ་མ་དེ་བཞིན་རྒྱ་ནག་གཞུང་གིས་བྱེད་སྟངས་ལས་ཡོང་གི་ཡོད་པ་ལས།  ༸རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྤྱི་ཚོགས་ཀྱི་ཕྱོགས་ནས་ཡོང་གི་མེད་པ་གསལ་འདོན་དང་འབྲེལ།  རྒྱ་ནག་ལ་བརྡ་ལན་མཚོན་བྱེད་དུ་བཙན་བྱོལ་བོད་མི་ཚང་མས་འོས་བསྡུ་ནང་ཆ་ཤས་བླངས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་།  དེས་རྒྱལ་སྤྱི་ཁྱོན་ཡོངས་ནང་བོད་མི་ཚང་མས་བོད་སྤྱི་པའི་རྩ་དོན་ལ་དོ་སྣང་དང་འགན་འཁྲི་འཁུར་གྱི་ཡོད་པའི་རྟགས་སྟོན་གྱི་ཡོད་པ་གསུངས་སོང་།  རྩ་བའི་དེ་རིང་ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༦ དེ་བཞིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཉིན་མོ་དེ་ཆགས་ཀྱི་ཡོད་ཀྱང་། ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཐོབ་པ་དང་འབྲེལ། འོས་བསྡུའི་སྒྲིག་གཞི་གཞིར་བཟུང་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་ལྟར། དེ་རིང་གི་དངོས་གཞིའི་འོས་བསྡུ་འདིའི་ནང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་དེ་གནང་ཡོད་པ་རེད།

The post དབུས་འོས་བསྡུའི་འགན་འཛིན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་རྒྱ་ནག་ལ་བརྡ་ལན། appeared first on vot.

Original Article