འདི་ལོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་གོ་སྟོན་དུས་ཆེན་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཁྲོད་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཞུགས་མྱོང་མཁན་གྱི་མི་རབས་རྒན་པ་ཁྱོན་༨༩ ཙམ་ལྷན་འཛོམས་བྱུང་འདུག
ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན་གྱི་སྔ་དྲོ་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཐོག་ཕེབས་མཁན་རྣམས་ལ་༧གོང་ས་མཆོག་གིས་མཇལ་ཁ་བསྩལ་གནང་འདུག དེ་ཡང་འདི་ལོ་༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན། ཟླ་འདིའི་ཚེས་༢༤ དང་༢༥ ཉིན་གཉིས་རིང་བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་དེ་རྡ་ས་ཉེ་འཁོར་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཚོགས་འདུག སྐབས་དེར་ལྷན་འཛོམས་ཐོག་ཕེབས་མཁན་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་རྣམས་དང་། བོད་དམག་ཟུར་པ། ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་ཟུར། གློ་སྒྲིག་འཛུགས་དམག་ཟུར། དམག་སྒར་ཨང་༢༢ པའི་དམག་ཟུར་གྱི་སྐུ་ཚབ། ༧རྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་༨༩ དངོས་སུ་ཕེབས་འདུག
དབུ་འབྱེད་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་དང་། དམིགས་བསལ་སྐུ་མགྲོན་ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བཅས་ཕེབས་གནང་ཡོད་པ་དང་། ཆེ་བསྟོད་སྐུ་མགྲོན་དུ་སྤྱི་ཟུར་ཨ་འབྲུག་ཚང་ཆོས་སྐྱིད་དང་། བསྟན་འཛིན་བསོད་ནམས་གཉིས། ༧སྐུའི་གཅེན་པོ་ཞིང་གཤེགས་དམ་པ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་གི་ནང་མི་བཅས་ཕེབས་འདུགདེ་རིང་༧གོང་ས་མཆོག་ནས་མཇལ་ཁ་གནང་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དབུ་བཞུགས་ཐོག་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཀྱི་མཇུག་བསྡོམས་མཛད་སྒོ་འཚོགས་སོང་། མཛད་སྒོའི་རྗེས་སུ་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལ་འབྲེལ་ཡོད་བཅར་འདྲི་ཞུས་པར། ཁོང་གིས་དང་པོ་འདི་ནི་༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་གོ་སྟོན་དང་བསྟུན་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པ་དང་འབྲེལ་ནས། ལྷན་འཛོམས་ཐོག་ཕེབས་མཁན་ཚོ་ངོས་ནས་མ་འོངས་པ་བོད་པའི་མི་རབས་ཚོས་༧གོང་ས་མཆོག་གི་དགོངས་པ་སྒྲུབ་ཐབས་ཐད་བསམ་འཆར་གང་ཡོད་དང་། གཉིས་པ་དེ་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ཐད་བསམ་འཆར་བསྡུ་ལེན་བྱས་ཏེ། ཁོང་རྣམ་པས་མ་འོངས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་དགོངས་འཆར་དང་རེ་འདུན་གང་ཡོད་ཤེས་རྟོགས་བྱ་རྒྱུ་ནི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཡིན་ཞེས་གསུངས་སོང་།གནད་དོན་དེ་དག་དང་འབྲེལ་ནས་ཕྱི་ཚེས་༢༤ དང་༢༥ ཉིན་གཉིས་རིང་ལྷན་འཛོམས་གནང་བའི་ཐོག་ནས། ཚོགས་བཅར་བ་རྣམས་ཀྱིས་དགོངས་འཆར་དང་རེ་འདུན་ཁྱོན་༢༨ ཙམ་བྱུང་ཡོད་པ་དང་། དགོངས་འཆར་དེ་དག་དེ་རིང་༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས་སྤྱན་འབུལ་ཞུས་ཡོད་པ་གསུངས་སོང་། ཐེངས་འདིའི་ལྷན་འཛོམས་ཐོག་ཕེབས་མཁན་ཁུངས་སུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་མི་ཡིན་ཞིང་། ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་ལྷན་དུ་དངོས་སུ་དམག་སར་ཕྱིན་མྱོང་མཁན་དམག་མི་བཞི་ཕེབས་ཡོད་འདུག་ལ། དེ་བཞིན་བོད་ནང་བོད་དམག་ཡིན་མཁན་དམག་ཟུར་བརྒྱད་ཡང་ཕེབས་ཡོད་འདུགམང་ཆེ་བ་དགུང་ལོ་བགྲེས་པོ་ཡིན་པ་དང་། དགུང་ལོ་མཐོ་ཤོས་དེ་༩༦ ལ་སོན་པ་ཞིག་ཡོད་པ་མ་ཟད། གཞན་མང་ཆེ་བ་དགུང་ལོ་༨༠ ཡན་ཡིན་འདུག ཁོང་རྣམ་པས་གནང་བའི་དགོངས་འཆར་༢༨ ཀྱི་ནང་དོན་གཙོ་བོ་ནི། ༧གོང་ས་མཆོག་གི་བཀའ་དགོངས་གང་འདྲ་སྒྲུབ་ཐབས་བྱ་དགོས་པ་དང་། ད་ལྟའི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཉེན་ཁ་དང་གོ་སྐབས་གང་ཡོད་མེད། ལྷག་པར་དུ་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་གིས་ཉེན་ཁ་གང་འདྲ་བཟོ་སྲིད་མིན་ཐད་གོ་རྟོགས་སྤེལ་དགོས་པའི་བསམ་ཚུལ་ཤུགས་ཆེ་བྱུང་ཡོད་འདུག མཛད་སྒོའི་ཐོག་ཕེབས་པའི་བོད་རང་དབང་འཐབ་རྩོད་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ངོས་ནས་གཟེངས་བསྟོད་ཀྱི་རྟགས་མ་རེ་གནང་ཡོད་པ་དང་། རྟགས་མ་དེ་ནི་ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་ཆེད་ཡིན་ཞེས་བརྗོད་འདུགགསར་འགོད་པ། བསོད་ནམས་ཕུན་ཚོགས།



