བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

3 hours ago

བལ་ཡུལ་མཐའ་མཚམས་ནུབ་རི་སྒའུ་པཱ་ལིའམ་ཀུན་སྐྱིད་ལུང་དུ་ཆུ་ལོག་བྱུང་སྟེ། མི་ ༥ གར་སོང་ཆ་མེད་དང་། ཁྱིམ་ཚང་ ༣༡ དང་ལྕགས་ཟམ་ ༥ ཆུས་འཁུར་ཞིང། གཞུང་ལམ་དང་རྐང་ལམ་ཡོངས་ལ་གནོད་སྐྱོན་ཐེབས་ཡོད་འདུག

ཕྱི་ཚེས་ ༡༡ ཉིན། སྔ་དྲོའི་ཆུ་ཚོད་ ༣ ནས་ ༤ བར་བལ་ཡུལ་མཐའ་མཚམས་ཙུམ་སྨད་ཀྱི་ཉེ་འཁྲིས་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་འདུག ཐེངས་འདིའི་ཆུ་ལོག་ནི་རི་ཉིལ་བྱུང་སྟེ་གཙང་པོ་བཀག་ཅིང། དེ་ནས་གློ་བུར་དུ་ཆུ་བོ་འཁྱིལ་བ་བརྟོལ་ནས་ཆུ་ལོག་བྱུང་བ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག ཉིན་དེའི་ཐོ་རེངས་སྐབས་སུ་ཐོག་མར་ས་ཤུགས་ཆེན་པོ་འགུལ་ཞིང་། ཆུ་སྒྲ་དང་རྡོ་འགྲིལ་བ་སོགས་ཀྱི་སྒྲ་ཤུགས་ཆེན་པོ་བྱུང་བས། ས་གནས་མི་དམངས་ལ་རང་བྱུང་གནོད་འཚེ་ཡོང་བཞིན་པའི་དོགས་པ་སྐྱེས་ཏེ། ཙུམ་སྨད་ས་གནས་ཀྱི་མགོ་དཔོན་ཉི་མས་མི་དམངས་ལ་བརྡ་སྤྲད་པ་དང་། མི་དམངས་ཚོས་གཅིག་གིས་གཅིག་ལ་བརྒྱུད་བསྒྲགས་དང་བརྡ་ལན་སྤྲོད་ཐུབ་ཡོད་པར་བརྟེན། འདི་ལོའི་ཟླ་ ༨ ཚེས་ ༢༦ ཉིན་བོད་དང་བལ་ཡུལ་ས་མཚམས་སུ་བྱུང་བའི་ཆུ་ལོག་ཆེན་པོ་དང་བསྡུར་ན་གནོད་སྐྱོན་ཆུང་བ་ཡིན་འདུག

འདི་གའི་གསར་ཁང་གིས་ས་གནས་དེ་ནས་ཡིན་པའི་དགའ་ལྡན་ཤར་རྩའི་མཁན་རབས་ ༨༦ པ་དགེ་བཤེས་བྱང་ཆུབ་སངས་རྒྱས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པར། ཁོང་གིས། ངའི་གཅེན་པོ་ཙུམ་གྱི་ས་གནས་མགོ་དཔོན་ཉི་མ་ལ་འབྲེལ་གཏུག་བྱས་པ་ཡིན། ཐེངས་འདིའི་ཆུ་ལོག་ཁྲོད་ཙུམ་སྨད་ཀྱི་འབྲོག་པའི་བུ་གསུམ་དང་བུ་མོ་གཉིས་བཅས་མི་ལྔ་གར་སོང་ཆ་མེད་དུ་གྱུར་འདུག་པ་དང། སེམས་ཅན་སྒོ་ཕྱུགས་འགའ་རེའང་ཤི་རྨས་བྱུང་འདུག ཙུམ་སྨད་ཀྱི་ཁྱིམ་ཚང་ ༣༡ ཆུས་འཁུར་བ། གཞུང་ལམ་དང་རྐང་ལམ་ཆ་ཚང་། ལྕགས་ཟམ་ ༥ འཕྲོ་བརླག་ཤོར་འདུག་པས། འགྲིམ་འགྲུལ་བྱེད་པར་གནམ་གྲུ་མ་གཏོགས་གདམ་གསེས་མེད་པར་གྱུར་འདུག གཞན་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་མི་སྣ་ ༩༠ ལྷག་ལམ་ཁར་འགག་པ་དང་། བལ་ཡུལ་གཞུང་གིས་ཁོ་ཚོ་ཐད་འཕུར་གནམ་གྲུར་བརྟེན་ནས་གནས་སྤོ་བྱས་ཡོད་འདུག གཞན་ཡང་ད་ལྟའི་ཆར་བལ་ཡུལ་གཞུང་དང་ཙུམ་གྱི་ས་གནས་གཞུང་གིས་འགྲུལ་ལམ་སླར་གསོ་ལ་འབད་བརྩོན་བྱེད་བཞིན་པ་དང་། གནས་སྐབས་རིང་ཤིང་ཟམ་བེད་སྤྱོད་བྱེད་བཞིན་ཡོད་འདུག ཀུན་སྐྱིད་ལུང་གི་ལམ་ཁར་ཡར་འགྲོ་དུས་གཡོན་ཕྱོགས་སུ་ཡོད་པའི་མ་ཎི་ཡིག་དྲུག་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་གཟུང་སྔགས་ཀྱི་རྡོ་བརྐོས་སོགས་ལ་གནོད་སྐྱོན་ཅི་ཡང་བྱུང་མི་འདུག ཅེས་བརྗོད་བྱུང་།

ཆུ་ལོག་བྱུང་ཡུལ་ཙུམ་ནུབ་རི་སྒའུ་པཱ་ལི་ནི། བལ་ཡུལ་གྱི་རྒྱལ་ས་ཀ་ཐཱ་མན་གྲུའི་ (kathmandu) བྱང་ཕྱོགས་དང་། བལ་བོད་གཉིས་ཀྱི་ས་མཚམས་སུ་ཆགས་ཤིང་། མཐའ་གངས་རིས་བསྐོར་བ་དང་སྔོ་སྨན་ཕུན་སུམ་ཚོགས་པ་དང་མཁའ་རླུང་ཤིན་ཏུ་གཙང་ཞིང་ནོར་ནག་སོགས་སྒོ་ཕྱུགས་དང་རི་དྭགས་སྣ་ཚོགས་ཡོད་ལ། ཡུལ་ལུང་འདིར་གུ་རུ་རིན་པོ་ཆེའི་སྦས་གནས་དང་རྗེ་བཙུན་མི་ལའི་སྒྲུབ་གནས་ཕུག་རོན་ཕུག་དང་། སའི་སྦུག་ཏུ་རང་བྱོན་ཤེལ་གྱི་མཆོད་རྟེན། གཡས་ནས་ཁྲུས་ཆུ་དང་གཡོན་ནས་ཚེ་ཆུ་འབབ་ཅིང་། རྔ་དང་དུང་། རོལ་མོ་རང་བྱོན། ཕྱག་རྗེས་དང་ཞབས་རྗེས། མཁའ་འགྲོའི་གསང་ལམ་སོགས་མང་དུ་མཇལ་རྒྱུ་ཡོད་ཅིང་། གནས་ཁག་ཅིག་ལ་བགྲོད་ལམ་ཧ་ཅང་ཁག་པོ་ཡོད། གུ་རུ་རིན་པོ་ཆེའི་ལུང་བསྟན་ལྟར་འཛམ་གླིང་དམག་འཁྲུག་གི་འཇིགས་པ་བྱུང་སྐབས་བསོད་ནམས་ཅན་གྱི་མི་རྣམས་སྦས་བཞག་པའི་ལུང་པའི་གྲས་སྦས་ཡུལ་སྐྱིད་མོ་ལུང་ཞེས་བྱ་བ་དེ་ཡིན།

དེ་ལ་སྟོད་ཙུམ་ལྔ་དང་སྨད་ཙུམ་བརྒྱད་ཅེས་བཤད་ཅིང་། མཚོ་ངོས་ལས་མཐོ་ཚད་མི་ཊར་༢༠༠༠ ནས་ ༣༥༠༠༠ བར་ཡིན་ལ། ཙུམ་དུ་སྐྱབས་རྗེ་འབྲུག་པ་སྐུ་གོང་མས་རབ་བྱུང་ ༡༥ ཤིང་བྱི། ཕྱི་ལོ་ ༡༩༢༤ ལོར་སྨུག་དགོན་བདེ་ཆེན་ལྷུན་གྲུབ་དང་། རབ་བྱུང་ ༡༦ མེ་བྱི། ཕྱི་ལོ་ ༡༩༣༦ ལོར་ར་ཆེན་བྱང་ཆུབ་ཆོས་གླིང་ཕྱག་བཏབ་པའི་དགོན་པ་དེ་གཉིས་ནི་ལུང་པའི་སྤྱི་དགོན་ཡིན། སྐྱབས་རྗེ་འབྲུག་པ་རིན་པོ་ཆེས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་ཆོ་ག་བཙུགས་ཡོད་འདུག

དེ་ཡང་ཙུམ་ནི་བལ་བོད་ཀྱི་མཐའ་མཚམས་སུ་ཁེལ་གྱི་ཡོད་ལ། ཙུམ་ནས་ལ་ཞིག་བརྒལ་བའི་མཚམས་སུ་བོད་ཀྱི་སྐྱིད་གྲོང་རྫོང་ཁོངས་སུ་ཆགས་པའི་རྫོང་དཀར་ཆོས་སྡེ་དང་རྗེ་བཙུན་མི་ལའི་སྒྲུབ་གནས་བྲག་དཀར་རྟ་སོ་དང་འབྲེལ་ཡོད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ། appeared first on བོད་ཀྱི་དུས་བབ།.

Original Article