བོད་དུ་འགྲོ་བར་དམ་དྲག་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག།

1 week ago

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལས་དོན་ཁང་གིས་སྙན་ཐོ་ཞིག་གཞུང་ལ་ཕུལ་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་ད་ལྟ་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་ནས་བོད་སྤྱི་དང་བྱེ་བྲག་བོད་རང་ལྗོངས་ཞེས་པ་དེ་ནང་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་བརྗོད་འདུག

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༧ ཉིན་བོད་གནས་ལྟ་ཞིབ་ཁང་གིས་དབྱིན་ཡིག་ནང་གནས་ཚུལ་སྤེལ་དོན་ལྟར་ན། ད་ལྟ་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ས་ཆ་ཁག་ནས་བོད་རང་ལྗོངས་ཞེས་པ་དེ་དམ་དྲག་ཆེ་ཤོས་ཀྱི་ས་ཆ་ཞིག་ཡིན་པ་བརྗོད་འདུག་ལ། ས་ཆ་དེའི་ནང་ཕྱི་རྒྱལ་གྱི་དཔོན་རིགས་དང་། གསར་འགོད་པ། ཉམས་ཞིབ་པ་སོགས་ལ་དམིགས་བསལ་གྱི་ཆོག་མཆན་མེད་ན་འགྲོ་རྒྱུ་ཁག་པོ་རེད་ཅེས་བརྗོད་འདུགཉེ་ཆར་ཕྱི་ཞེས་༢༤ ཉིན་སྤེལ་བའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལས་དོན་ཁང་གིས་ཕྱི་ལོ་༢༠༡༨ ལོའི་བོད་ལ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་(the Reciprocal access to Tibet Act of 2018)ཞེས་པ་དེའི་གཞིར་བཟུང་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་ལོ་འཁོར་སྙན་ཐོ་གསར་པར་བཀོད་ཡོད་འདུག་པ་དང་། ཁྲིམས་དེའི་ནང་རྒྱ་ནག་གི་ཡུལ་སྐོར་བ་ཨ་རིར་ཡོང་རྒྱུར་འདྲ་མཉམ་གྱི་བཀག་སྡོམ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་འགན་འཁུར་དཔོན་རིགས་ཚོར་ཉེས་ཆད་གཅོད་ཆོག་གི་ཡོད་འདུག བོད་རང་སྐྱོང་ལྗོངས་ཞེས་པ་དེའི་ཕྱི་ལ་ཡོད་པའི་བོད་པའི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱེད་པ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་ལས་ཅུང་ཡང་བ་ཡོད་ཀྱང་། དེ་དག་ལའང་ཧ་ཅང་དཀའ་ངལ་ཆེ་བའི་གནད་དོན་ཞིག་ཏུ་བརྩི་བཞིན་ཡོད་འདུགཕྱི་ཟླ་༤ ཚེས་༢༤ ཉིན་སྤེལ་བའི་སྙན་ཐོ་དེའི་ནང་། ཕྱི་ལོ་༢༠༢༥ ལོའི་ནང་ཨ་རིའི་གཞུང་ཚབ་མི་སྣ་དང་། དཔོན་རིགས། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་དང་དེའི་ཕྱིའི་བོད་པའི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་ནས་ལག་བསྟར་བྱས་པའི་བཀག་འགོག་གི་སྒྲིག་གཞི་དང་འགྲོ་ལུགས་ཁག་མུ་མཐུད་གནས་ཡོད་པར་བཤད་འདུག ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་བོད་རང་སྐྱོང་ལྗོངས་སུ་འགྲོ་བར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ལག་འཁྱེར་ (Travel Permit) དགོས་ཀྱི་ཡོད་པ་བརྗོད་འདུགཐ་ན་ཆོག་མཆན་ལག་འཁྱེར་མི་དགོས་པའི་བོད་རང་སྐྱོང་ལྗོངས་ཕྱིའི་བོད་པའི་ས་ཁུལ་ཁག་ཏུའང་། རྒྱ་ནག་གི་ཉེན་རྟོག་པས་ཨ་རིའི་གཞུང་ཚབ་མི་སྣ་དང་། དཔོན་རིགས། ཕྱི་རྒྱལ་གྱི་སྐུ་མགྲོན་གཞན་དག་ལ་མངོན་གསལ་དོད་པོས་སོ་ལྟ་བྱས་པ་བརྒྱུད་འཇིགས་སྐུལ་དང་དཀའ་ངལ་བཟོས་ཡོད་འདུག དེ་བཞིན་བོད་པ་ཨ་རི་བ་རྣམས་ལའང་ས་ཁུལ་དེ་དག་ཏུ་བསྐྱོད་རྒྱུར་དམིགས་བསལ་གྱི་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། གསར་འགོད་པ་ཚོ་ས་ཁུལ་དེ་དག་ཏུ་བསྐྱོད་རྒྱུར་ཡང་ཚད་བཀག་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སྙན་ཐོའི་ནང་འཁོད་ཡོད་ཅེས་བརྗོད་འདུགཕྱི་ལོ་༢༠༢༥ ལོའི་ལོ་འཁོར་གཞིར་བཟུང་བའི་སྙན་ཐོ་དེའི་ནང་། བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་དམར་ཤོག་གཞུང་གི་དབང་འོག་ཏུ་ཡོད་པའི་ཕྱི་རྒྱལ་བ་དང་། གཞུང་ཚབ་མི་སྣ། དཔོན་རིགས་བཅས་ཀྱིས་འགྲོ་རྒྱུར་ངེས་པར་དུ་གཞུང་འབྲེལ་ཆོག་མཆན་ཞུ་དགོས་སའི་ས་ཁུལ་གཅིག་པུ་དེ་ཡིན་པར་བཤད་འདུགཕྱི་ལོ་༢༠༢༥ ལོའི་ནང་། པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་དཔོན་རིགས་རྣམས་ལ་ཕྱི་ལོ་༢༠༡༩ ལོ་ནས་བཟུང་ཐེངས་དང་པོར་བོད་རང་སྐྱོང་ལྗོངས་སུ་གཞུང་དོན་གཟིགས་སྐོར་དུ་འགྲོ་བའི་ཆོག་མཆན་ཐོབ་ཡོད་འདུག ཉིན་ལྔའི་རིང་གི་གཟིགས་སྐོར་དེའི་ནང་བོད་རང་སྐྱོང་ལྗོངས་ཕྱི་སྲིད་ལས་ཁུངས་(FAO) དང་། ཡུལ་སྐོར་ལས་ཁུངས་ཆེ་ཁག་གི་འགན་འཛིན་དང་ཐུག་འཕྲད་བྱས་པ་མ་ཟད། ཨ་རིའི་སྤྱི་དམངས་ཀྱིས་འཚམས་གཟིགས་བྱེད་སའི་སྨན་ཁང་དང་རིག་གནས་ལྟེ་གནས་ཁག་ཏུ་བསྐྱོད་ཡོད་འདུག སྙན་ཐོ་དེའི་ནང་གཟིགས་སྐོར་དེའི་སྐོར་གནས་ཚུལ་ཞིབ་ཕྲ་བཀོད་མེད་ཀྱང་། གཟིགས་སྐོར་ཐེངས་གཅིག་བྱས་པ་དེ་ནི་གཞུང་ཚབ་ཀྱི་ལས་དོན་ཆ་ཚང་སླར་གསོ་བྱུང་བར་བརྩི་མི་ཐུབ་པ་དང་། ཨ་རིའི་གཞུང་ཚབ་ཁང་གིས་ཕྱི་ལོ་༢༠༢༦ ལོར་ཡང་བསྐྱར་གཟིགས་སྐོར་དུ་འགྲོ་རྒྱུའི་རེ་འདུན་བཏོན་ཡོད་པར་བཤད་འདུགཔེ་ཅིང་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་དུ་འགྲོ་མཁན་ཕྱི་རྒྱལ་བར་དམ་དྲག་བྱེད་པའི་སྒྲིག་གཞི་དེ་འདྲ་རྒྱ་ནག་གི་ཞིང་ཆེན་རིམ་པའི་ས་ཁུལ་གཞན་གང་ལའང་ལག་བསྟར་བྱེད་ཀྱི་མེད་པ་སྙན་ཐོའི་ནང་གསལ་ཡོད་འདུག ཕྱི་ལོ་༡༩༨༩ ལོ་ནས་བཟུང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོ་བོད་ནང་མ་འཛུལ་གོང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ངོས་སྦྱོར་ཡི་གེ་ (Official Confirmation Letter) དགོས་ཀྱི་ཡོད་འདུག་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ནི་རྒྱ་ནག་དབུས་གཞུང་ལ་ལན་འདེབས་དང་འགན་ཁུར་དགོས་མཁན་ཞིག་ཡིན་འདུག ལམ་ཡིག་མང་ཆེ་བ་ནི་རྒྱ་ནག་གཞུང་གིས་དེབ་སྐྱེལ་བྱས་པའི་ཡུལ་སྐོར་ལས་ཁུངས་བརྒྱུད་ནས་བཟོ་དགོས་པ་དང་། དེ་དག་གིས་གཞུང་གིས་བསྐོས་པའི་སྣེ་ཤན་པ་ངེས་པར་དུ་མཉམ་དུ་འཁྲིད་དགོས་པ་དང་། ཕྱི་རྒྱལ་བ་རྣམས་ལ་ལམ་ཁ་བརྒྱུད་ནས་བོད་ནང་འཛུལ་རྒྱུའི་ཆོག་མཆན་ཐོབ་པ་ནི་ཧ་ཅང་དཀོན་པོ་ཡིན་འདུགདེ་བཞིན་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དུས་སྐབས་ཏེ། ཕྱི་ཟླ་༣ ཚེས་༡༠ ཉིན་གྱི་བོད་མིའི་སྒེར་ལངས་དུས་དྲན་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་ཕྱི་ཟླ་༧ ཚེས་༦ ཉིན་བཅས་ཀྱི་སྐབས་སུ་ཡུལ་སྐོར་བ་མང་པོ་བོད་ནང་འགྲོ་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་འདུགབོད་པ་ཨ་རི་བ་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་སུ་བསྐྱོད་པའི་མཐོང་མཆན་(Visa) དང་ལམ་ཡིག་སྙན་ཞུ་འབུལ་སྐབས། ཨ་རིའི་སྤྱི་དམངས་གཞན་ལས་དམ་དྲག་ཆེ་བའི་བརྟག་དཔྱད་བྱེད་ཀྱི་ཡོད་པ་སྙན་ཐོའི་ནང་འཁོད་འདུག ཁོང་ཚོའི་སྙན་ཞུ་རྣམས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་(UFWD) བརྒྱུད་ནས་ཐག་གཅོད་བྱེད་དགོས་པ་དང་། བོད་ནང་ཡོད་པའི་གཉེན་འབྲེལ་ལམ་སྣེ་ལེན་པའི་ངོས་སྦྱོར་ཡི་གེ། རྒྱ་ནག་གཞུང་ཚབ་ཁང་དུ་དངོས་སུ་བཅར་འདྲི། དེ་བཞིན་སློབ་སྦྱོང་དང་ལས་ཀའི་ལག་འཁྱེར། སྐྱེས་ཚེས་ལག་འཁྱེར་སོགས་ཡིག་ཆ་མང་པོ་དགོས་ཀྱི་ཡོད་འདུགཐ་ན་ལམ་ཡིག་ཐོབ་པའི་བོད་པ་ཨ་རི་བ་ཚོར་ཡང་། བོད་ནང་སླེབས་རྗེས་རྒྱ་ནག་གི་ས་ཁུལ་གཞན་ལས་ལྷག་པའི་དཀའ་ངལ་དང་ཉེན་རྟོག་པས་དྲི་རྩད་བྱེད་པ་སོགས་འཕྲད་ཀྱི་ཡོད་འདུག བོད་པ་ཨ་རི་བ་ཁ་ཤས་ཀྱིས་ས་གནས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སུ་འདྲི་རྩད་བྱས་པ་དང་། ཁ་པར་ནང་གསང་བའི་ཉེན་རྟོག་མཉེན་ཆས་(Invasive apps)འཇུག་ཏུ་བཅུག་པའི་གནས་ཚུལ་ཐོན་འདུག ཨ་རིར་བཞུགས་པའི་བོད་མི་ཁ་ཤས་ཀྱིས་རང་ཉིད་དང་བོད་ནང་ཡོད་པའི་ནང་མིར་གནོད་འཚེ་ཡོང་རྒྱུར་དོགས་ནས་རང་གི་བྱ་སྤྱོད་ལ་དམ་དྲག་ (Self-censorship) བྱེད་ཀྱི་ཡོད་པར་བཤད་འདུགའོན་ཀྱང་དཀའ་ངལ་དེ་དག་ལ་མ་ལྟོས་པར། ཨ་རི་དང་ཡུ་རོབ་ཀྱི་ལག་འཁྱེར་ཡོད་པའི་བོད་པ་ཚོར་སྔར་ལས་ལྷག་པའི་བོད་ནང་འགྲོ་རྒྱུའི་གོ་སྐབས་ཐོབ་ཡོད་པའི་གནས་ཚུལ་ཡང་འཁོད་ཡོད་འདུགགསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་རྣམས་ནི་དམིགས་བསལ་གྱིས་བོད་ནང་འགྲོ་རྒྱུར་བཀག་སྡོམ་བྱེད་ཡུལ་དུ་གྱུར་ཡོད་འདུག རྒྱ་ནག་གི་སྒྲིག་གཞི་ལྟར་ན་བོད་རང་སྐྱོང་ལྗོངས་མ་གཏོགས་ས་ཁུལ་གཞན་གང་ལའང་གསར་འགོད་པ་འགྲོ་བར་སྔོན་ནས་ཆོག་མཆན་དགོས་ཀྱི་མེད། འོན་ཀྱང་རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་བོད་ནང་འགྲོ་རྒྱུའི་རེ་འདུན་ཕལ་ཆེ་བ་ཕྱིར་འབུད་བྱས་ཡོད་པ་དང་། རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ (FCCC) ཀྱིས་བཤད་པ་ལྟར་ན། གསར་འགོད་པ་༥ ཡི་བོད་ནང་འགྲོ་རྒྱུའི་རེ་འདུན་ལ་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་ཅེས་བརྗོད། བོད་ཀྱི་ས་ཁུལ་དུ་གསར་འགོད་བྱེད་པར་འབད་བརྩོན་བྱེད་མཁན་གསར་འགོད་པའི་བརྒྱ་ཆ་༩༣ ལ་དཀའ་ངལ་འཕྲད་ཡོད་ཅེས་བརྗོད་འདུགགསར་འགོད་པ་རྣམས་བོད་རང་སྐྱོང་ལྗོངས་ཕྱི་ལ་ཡོད་པའི་བོད་ཀྱི་ས་ཁུལ་དུ་འགྲོ་ཆོག་ཀྱང་། དེ་དག་ཏུ་ཁོང་ཚོར་སོ་ལྟ་དང་། ལམ་ཁ་བཀག་པ། འཇིགས་སྐུལ་བྱེད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཚུལ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་(FCCC )ཀྱི་ཕྱི་ལོ་༢༠༢༤ ལོའི་ལོ་འཁོར་སྙན་ཐོའི་ནང་བཀོད་ཡོད་འདུགསྙན་ཐོ་དེའི་ནང་། ཕྱི་ལོ་༢༠༢༥ ལོའི་ཕྱི་ཟླ་༩ པའི་ནང་ཨ་རིའི་གཞུང་ཚབ་དཔོན་རིགས་ཀྱིས་བོད་ནང་གཟིགས་སྐོར་བྱེད་སྐབས། སྔོན་མ་ལས་ཅུང་ཡག་ཏུ་ཕྱིན་ཡོད་པར་བཤད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་གཟིགས་སྐོར་དེ་དག་ནི་བོད་མི་དཀྱུས་མ་དང་མཉམ་དུ་དངོས་སུ་སྐད་ཆ་བཤད་རྒྱུའི་གོ་སྐབས་མེད་པར་དམ་དྲག་ཆེན་པོའི་འོག་བྱེད་ཀྱི་ཡོད་འདུགདེ་བཞིན་བོད་རང་སྐྱོང་ལྗོངས་ནང་སླེབས་རྗེས་ཀྱང་། ས་ཁུལ་ཁ་ཤས་སུ་འགྲོ་བར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་དམིགས་བསལ་ཆོག་མཆན་དགོས་པ་དང་། ཇོ་མོ་གླང་མ་སོགས་ས་མཚམས་ཀྱི་ས་ཁུལ་དུ་འགྲོ་བར་དམག་དོན་ལས་ཁུངས་ (Military Affairs Office) ཀྱི་ཆོག་མཆན་དགོས་ཀྱི་ཡོད་འདུགརྒྱ་ནག་གཞུང་གིས་བོད་ནང་འགྲོ་བའི་ལམ་ཡིག་སྤྲོད་ཕྱོགས་ཀྱི་ཐག་གཅོད་བྱེད་སྟངས་དང་། དེའི་ནང་མཉམ་ཞུགས་བྱེད་མཁན་དཔོན་རིགས་ཀྱི་མིང་སོགས་གསལ་པོ་བཟོ་བཞིན་མེད། ཨ་རི་སོགས་ཕྱི་རྒྱལ་གྱི་དཔོན་རིགས་བོད་ནང་འགྲོ་རྒྱུའི་རེ་འདུན་ལ་རྒྱ་ནག་གིས་ཧ་ཅང་གཟབ་གཟབ་བྱེད་ཀྱི་ཡོད་འདུག རེ་འདུན་ཞུས་པ་དེ་འཐབ་ཕྱོགས་གཅིག་གྱུར་དང་། རྒྱལ་ཁབ་ཉེན་སྲུང་ལས་ཁུངས། སྤྱི་བདེ་ལས་ཁུངས། མི་དམངས་བཅིངས་འགྲོལ་དམག་བཅས་ཀྱི་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱེད་ཀྱི་ཡོད་ཀྱང་། ལན་གསལ་པོ་སྤྲོད་རྒྱུ་ནི་དཀོན་པོ་ཡིན་པར་བཤད་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Original Article