བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

3 hours ago

བོད་ཕྲུག་ཁྱིམ་སྡེ་ཡིས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བར་ངོ་རྒོལ་ཡོད་པ་དང་སྦྲགས། བོད་མི་ཡོངས་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་དགོས་པའི་སྐུལ་འདེད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་སྟེང་དྷ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་གླང་རིན་པོ་ཆེ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་ཡེ་ཤེས་དབང་མོ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱི་དབུས་པའི་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ལགས་གཙོས་དྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་དང་ལས་ཐོག་དགེ་རྒན་རྣམ་པ། སློབ་ཕྲུག་དང་སློབ་ཟུར་རྣམ་པ། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་དང་གསར་འགོད་པ་བཅས་འཛོམས་འདུག 

སྐབས་དེར་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཡོངས་འཛིན་གླང་རིན་པོ་ཆེ་མཆོག་གིས་བོད་ཕྲུག་ཁྱིམ་སྡེའི་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་ ༢༡ ལ་གཟེངས་རྟགས་དང་ཕྱག་འཁྱེར་སྩལ་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུག་ཁྲོད་གྲུབ་འབྲས་རྩེ་སོན་གྱི་སློབ་མ་ ༥ ལེགས་སྐྱེས་གཟེངས་རྟགས་ཕུལ། སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་སློབ་གྲུབ་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བུམ་སྐྱོན་གསུམ་བྲལ་གྱི་ཕྱག་འཁྱེར་བཅས་བསྩལ་སོང་། 

བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་བསོད་ནམས་སྲི་ཆོས་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་ལས་བསྡོམས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྐབས།  བོད་ཕྲུག་ཁྱིམ་སྡེ་དེ་ཕྱི་ལོ་ ༡༩༦༠ ལོར་༧སྐུའི་གཅུང་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་ཐོག་མར་ཇ་མུ་ཁུལ་དུ་ལམ་བཟོ་རྒྱུག་མཁན་གྱི་ཕྲུག་གུ་ ༥༡ ནས་བུ་བཅོལ་ཁང་གི་ངོ་བོར་དབུ་འཛུགས་གནང་ཞིང་། ད་ལྟའི་ཆར་བོད་ཕྲུག་ཁྱིམ་སྡེར་སློབ་གྲྭ་ལྔ་དང་གཏན་ཉིན་སློབ་གྲྭ་དྲུག བོད་ཁྱིམ་གྱི་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་པའི་སློབ་མ་ ༣༡༥༧ དང་། ཧི་མ་ལ་ཡ་ ༡༧༤ དང་ ཕྱི་རྒྱལ་བ་ ༢༩། རྒྱ་གར་བ་ ༥༤ བཅས་སློབ་མ་ཁྱོན་ ༤༩༨༤འདུག མཐོ་སློབ་ཁག་ཏུ་སློབ་མ་ ༢༩༡ དང་ལས་རིགས་སློབ་གཉེར་ཁང་དུ་སློབ་མ་ ༩༨ བཅས་སློབ་མ་ ༥༣༡༣ ཡོད་པ་དང་གཏན་འཇགས་ལས་བྱེད་གྲངས་ ༧༡༥ དང་ཆོ་གའི་ལས་བྱེད་ ༡༦༠ ། ཉིན་གླ་ལས་བྱེད་ ༢༡ བཅས་ཁྱོན་བསྡོམས་ ༨༩༦ ཡོད་སྐོར་སོགས་གསུངས་སོང་། 

ཆེ་བསྟོད་སྐུ་མགྲོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མདང་དགོང་བོད་ནག་ཆུ་ས་ཁུལ་དུ་ས་ཡོམ་བརྒྱབ་པའི་གནས་ཚུལ་དང་འབྲེལ། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ས་ཡོམ་འགུལ་ཚད་ ༧ ཡིན་པ་དང་། མི་གྲངས་ ༡༦ འདས་གྲོངས་དང་ ༥༤ ལ་རྨས་སྐྱོན་ཕོག་ཡོད་སྐོར་རྗོད་ཀྱིན་ཡོད་ནའང་། དེ་སྔོན་བལ་བོད་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་སྐབས་བོད་ནང་གི་གནས་ཚུལ་ལ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་ཚང་མས་མཁྱེན་གསལ་ལྟར། ད་ལྟ་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་དཀའ་བའི་གནས་སུ་གྱུར་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་བར་འབད་བརྩོན་གནང་བཞིན་ཡོད་ཅེས་དང་། བོད་ནང་གོད་ཆག་མང་དག་ཅིག་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་དེས་འཇིག་སླ་བའི་བོད་ཀྱི་ཁོར་ཡུག་གི་གནས་སྟངས་མངོན་གྱི་ཡོད་པས། བོད་ཀྱི་ཁོར་ཡུག་གི་གལ་གནད་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་།  བོད་ཕྲུག་ཁྱིམ་སྡེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་པའི་༧སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་དང་། བཀའ་ཟུར་རྗེ་བཙུན་པདྨ་མ་མཆོག དགེ་ལས་རྒན་པ་རྣམས་ཀྱི་བཀའ་དྲིན་དང་། དེ་བཞིན་ལོ་ངོ་དྲུག་ཅུ་ལྷག་གི་རིང་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ནས་མཐུན་འགྱུར་རོགས་རམ་ལ་བརྟེན་ད་བར་རྒྱུན་འཁྱོངས་ཚགས་ཚུད་ཐུབ་པར་ཞིག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས་ཡོད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། རང་བཙན་གཙང་མའི་རྒྱལ་ཁབ་བོད་ཆོས་ལྡན་ཞིང་དེར་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བཙན་འཛུལ་བྱེད་འགོ་བཙུགས་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ནང་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང་། བཙན་བྱོལ་དུ་འབྱོར་མ་ཐག་མགོན་པོ་གང་ཉིད་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་འཛམ་གླིང་འདིའི་སྟེང་གསོན་གནས་ཐུབ་ཐབས་སུ། མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ལ་གནའ་དེང་གཉིས་ལྡན་གྱི་ཤེས་ཡོན་སྤྲོད་རྒྱུ་གལ་ཆེར་དགོངས་ཏེ་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་འཕགས་པའི་ཡུལ་གྱི་སྐབས་དེའི་པཱན་ཇབ་མངའ་ཁོངས་རྡ་རམ་ས་ལར་ཐོག་མར་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གི་གཟིགས་རྟོག་འོག་བུ་བཅོལ་ཁང་གི་ངོ་བོར་དབུ་འཛུགས་གནང་ཞིང་། རིམ་པས་སློབ་ཕྲུག་གི་གྲངས་འབོར་དང་དགོས་མཁོའི་མཐུན་རྐྱེན་སོགས་འཕེལ་རྒྱས་སོང་སྟེ་ད་ལྟའི་གནས་ཚད་ལྡན་པའི་དབུས་སའི་བོད་ཕྲུག་ཁྱིམ་སྡེ་འདི་ཆགས་པ་ཡིན། དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་མཐུ་དང་། སྒོས་སུ་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་གཙོས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རིམ་པ་དང་། དགེ་ལས་ལས་ཟུར་རྣམ་པ་ཡོངས་ནས་མ་འོངས་པའི་བོད་ཕྲུག་སྟོང་ཕྲག་མང་པོའི་འཚར་ལོངས་ལ་གཅེས་སྐྱོང་གི་ཞབས་འདེགས་ཙམ་མིན་པར་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་འཁྱོངས་བྱེད་མཁན་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་མང་པོ་ཐོན་ཐུབ་ཡོད། བོད་ཕྲུག་ཁྱིམ་སྡེས་སྤྱི་ནོར་༸གོང་ས་༸སྐྱབས་དགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་ནང་བོད་ཡིག་དང་བོད་སྐད་བསྲེ་ལྷད་མེད་པར་གཙང་མ་བདག་གཅེས་བཀོལ་སྤྱོད་དགོས་པའི་དགོངས་དོན་ཕྱི་ལོ་ ༡༩༨༥ ལོར་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གསར་འཛུགས་ཀྱིས་དམའ་རིམ་སློབ་དེབ་རྣམས་བོད་ཡིག་ནང་ཕབ་བསྒྱུར་དང་སྦྲགས་སློབ་ཚན་རྣམས་བོད་ཡིག་ནང་བསླབ་འགོ་བཙུགས་ནས་རིམ་པས་བཙན་བྱོལ་སློབ་གྲྭ་གཞན་ཁག་ཏུའང་དེ་ལྟར་བོད་ཀྱི་སྐད་ཡིག་ནང་སློབ་འཁྲིད་དང་། དེ་བཞིན་བོད་ཁྱིམ་དམའ་རིམ་དགེ་རྒན་རྣམས་ལ་བོད་ཡིག་ནང་སློབ་འཁྲིད་བྱ་ཕྱོགས་ཀྱི་དགེ་རྒན་འོས་སྦྱོང་རིམ་པ་གནང་ཐུབ་པའི་ལེགས་སྐྱེས་ཕུལ་ཡོད། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དང་མཐོ་སློབ་ནས་ཐོན་པའི་གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་མ་ལག་དང་། ཚོགས་པ་དང་སྡེ་ཚན་འདྲ་མིན་ནང་ཞབས་འདེགས་ཞུ་བཞིན་ཡོད་པ་མ་ཟད། བཙན་བྱོལ་ནང་མི་ཐོག་བརྗེ་འགྱུར་འགྲོ་བཞིན་ཡོད་ནའང་རང་རེའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གྱིས། འཛམ་གླིང་འདིའི་སྟེང་”བོད་”དང་”བོད་མི་” ཞེས་པའི་མི་རིགས་ཀྱི་ཁྱད་ཆོས་རྣམས་གསོན་གནས་ཐུབ་པ་བྱུང་ཡོད་པས། སྐུ་ལས་སྐྱོན་མཁན་འབྲེལ་ཡོད་ཚང་མའི་བཀའ་དྲིན་ཡིད་ལ་དྲན་བཞིན་དུ་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

བོད་ནང་ལ་མཚོན་ན་བོད་མི་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་མེད་པ་ཙམ་དུ་མ་ཟད། འགྲོ་འདུག་སྤྱོད་གསུམ་གྱི་གཞི་རྩའི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་འཕྲོག་སྟེ་དམྱལ་བ་མི་ཡུལ་ལྟ་བུ་མྱངས་དང་མྱོང་མུས་ཡིན་པ་དང། རྒྱ་ནག་དམར་གཞུང་འོག་བོད་མི་རྣམས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་མི་མང་དང་སྒྲིག་འཛུགས་བར་གྱི་ལས་དོན་ཐོག་བོད་ཡིག་བེད་སྤྱོད་མེད་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོ་ཟེར་བའི་མིང་འོག་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ཡོངས་རྒྱ་ཡིག་རྒྱ་སྐད་གཙོ་བོར་བཟུང་སྟེ་བོད་ཀྱི་སྐད་ཡིག་རིག་གནས་རྩ་མེད་གཏོང་ཐབས་དང་། ཐ་ན་འགྲིམ་འགྲུལ་དང་བརྡ་འཕྲིན་ཡོངས་རྒྱ་ཡིག་རྒྱ་སྐད་ཁོ་ནར་བསྒྱུར་ཏེ་བོད་ཡིག་བཀོལ་སྤྱོད་མི་ཐུབ་པ་བཟོས་ཡོད། དེ་བཞིན་རྒྱ་གཞུང་གིས་བོད་དུ་འཛིན་པའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་དེ་བཞིན་རྒྱ་ནག་དམར་པོའི་ལྟ་སྤྱོད་བཙན་ཐབས་སུ་སྤེལ་རྒྱུའི་ལག་ཆར་སྤྱད་དེ། བོད་ཕྲུག་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭའི་ནང་བཙན་བཅུག་ཐོག་སོ་སོའི་ཕ་མ་དང་། ཕ་མེས་ཀྱི་སྐད་ཡིག རིག་གཞུང་བཅས་ལས་ཁ་བྲལ་དུ་གཏོང་བཞིན་པ་དང་། མཐོ་སློབ་རྒྱུགས་སྤྲོད་བོད་ཀྱི་སྐད་ཡིག་ནང་གཏོང་རྒྱུའི་གདམས་ཀ་མེད་པ་བཟོས་པ་སོགས་སོ་སོའི་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་མི་ཐུབ་པ་བཟོ་བཞིན་པ་བཅས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པར་གནས་ཡོད། དེ་བཞིན་ཉེ་ཆར་རྒྱ་ནག་དམར་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ཡིག་བཅས་ཡོངས་སུ་འགལ་བའི་རྒྱ་རིགས་ཕུད་དེ་མིན་རྒྱའི་བཙན་དབང་འོག་ཡོད་པའི་མི་རིགས་ཡོངས་རྫོགས་ཀྱི་ཆོས་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་བཅས་རྩ་མེད་བཟོ་རྒྱུའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་ཀྱིས་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་དེ་བརྒྱུད། བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག་སོགས་རྩ་མེད་ནག་བསུབ་གཏོང་བའི་བྱུས་ངན་རྣམས་རྒྱུས་ལོན་བྱས་ཏེ་བོད་མི་ཡོད་དོ་ཅོག་གིས་རང་རང་གནས་སྟངས་ལ་གཞིགས་པའི་སོ་སོའི་ཁྱིམ་ཚང་ནས་ན་ཆུང་བྱིས་པ་རྣམས་ཀྱི་བརྒྱུད་ལ་བོད་ཀྱི་སྐད་དང་ཡི་གེ་ཤེས་ཐབས་ལྷོད་མེད་གནང་གལ་མ་ཟད། བོད་ཕྲུག་ཁྱིམ་སྡེ་གཙོས་པས་རང་རེའི་སློབ་གྲྭ་ཁག་གི་ནང་དགེ་ལས་རྣམས་ནས་མ་འོངས་བོད་ཀྱི་སོན་རྩ་གཅིག་འཕྲོ་བརླག་ཕྱིན་ནའང་ཕང་པོ་ཡིན་པ་སེམས་ལ་ངེས་པར་བྱས་ནས་ན་གཞོན་རྣམས་དྲིན་ཆུང་དུ་མ་སོང་བ་གནང་དགོས། སློབ་སྦྱོང་གནང་བཞིན་པའི་སློབ་ཕྲུག་རྣམས་ནས་ཀྱང་གོམས་གཤིས་ངན་པ་དང་། སྣང་བ་སྐྱིད་པོ། རྣམ་གཡེང་དུ་མ་སོང་བར་རང་འཁྲིའི་སློབ་སྦྱོང་ལ་ཧུར་བརྩོན་དང་། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བོད་དོན་བདེན་མཐའ་གསལ་ཐབས་ཐོག་ནུས་པ་སྤུང་ཐུབ་མཁན་ཞེ་ཅིག་ཡོང་རྒྱུར་དམིགས་ཡུལ་དམ་འཛིན་གྱིས་ཤེས་བྱའི་གནད་གང་ལ་བསླབ་ཀྱང་རང་རྐྱ་འཕེར་བའི་རིགས་གཅིག་རྐང་འཛིན་པ་ཐོན་ཐུབ་པའི་སྙིང་རུས་བཅངས་དགོས་པའི་བསྐུལ་མ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༡ འཁོད་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཆེད་བོད་རིགས་ཡོངས་ལ་སྩལ་བའི་ལམ་སྟོན་བཀའ་ཡིག་ནང་། “བོད་ཀྱི་བྱམས་བརྩེའི་བསམ་བློ་གཏོང་སྟངས་དང་། ཡ་རབས་ཀྱི་སྤྱོད་ལམ། སྐད་ཡིག་སོགས་གང་ཅིའི་ཐད་ནས་མི་རིགས་གཞན་དང་མི་འདྲ་བར་ཟུར་གསལ་འབུར་ཐོན་དུ་ཡོད།” ཅེས་དང་། “སྐད་ཡིག་ཉམས་ཞིབ་པ་ཚོས་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་ཐོག་དར་སྔ་ཤོས་ཀྱི་སྐད་ཡིག་བཅུ་གྲངས་ཤིག་ཡོད་པ་དེའི་གྲས་སུ་ཚུད་ཡོད་ལུགས་བརྗོད་པ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་གི་གནད་འགག་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན།” དེ་བཞིན་ “བོད་ཀྱི་སྐད་ཡིག་གིས་མཚོན་མི་རིགས་ཀྱི་རྣམ་པ་གསལ་པོར་འབྱེད་ཐུབ་པའི་ཁྱད་ནོར་འདི་རིགས་ལ་བོད་མིའི་ངོས་ནས་སྣང་ཆུང་ལྟ་བུས་ལྷོད་ཡང་འཐུས་ཤོར་སོང་ན་མ་འོངས་པར་གྱོང་གུན་གསབ་ཐབས་བྲལ་བ་ཡོང་ཉེན་ལ་བསམ་ཡོད་མི་རབས་རྒན་པ་དང་ཤེས་ཡོན་ཅན་གྱི་མི་སྣས་འགོ་ཁྲིད་དེ་ལམ་སྟོན་སྐུལ་འདེད་དང་། གཞོན་པ་ཚོས་དོ་སྣང་བསམ་ཤེས་ཀྱིས་རྒན་བཤད་གཞོན་ཉན་མ་བྱས་ཚེ། བོད་པ་རྒྱ་བལ་དུ་ཡོད་པ་ཚོས་རྒྱ་བལ་གྱི་སྐད་ཡིག་དང་། ཕྱི་རྒྱལ་དུ་ཡོད་པ་ཚོས་དབྱིན་ཇིའི་སྐད་ཡིག བོད་ནང་དུ་ཡོད་པ་ཚོས་རྒྱ་མིའི་སྐད་ཡིག་བཅས་གནས་སྐབས་འཚོ་དགོས་ཀྱི་དགོས་མཁོར་དང་དོད་ཀྱིས་བེད་སྤྱོད་བྱས་དྲགས་ན། ནམ་ཞིག་ང་ཚོ་བོད་མི་རང་ཉིད་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་ཉེན་ཡོད། ལྷག་དོན་དུ་བོད་མི་ནང་ཁུལ་བོད་སྐད་མ་བརྒྱབ་པར་ཕྱིའི་སྐད་ཡིག་ལ་བརྟེན་དགོས་ན་དེ་ལས་ངོ་ཚ་བ་དང་ཐབས་སྐྱོ་བ་མེད་པས། དེ་ལུགས་བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་རང་དོན་རང་གཅེས་ཀྱིས་དམིགས་བསལ་གྱི་དོ་སྣང་སེམས་ཁུར་ཆེར་སྐྱེད་དགོས་གལ་” བཅས་བཀའ་སློབ་ནན་པོ་ཕེབས་ཡོད་སྟབས། དགེ་ལས་སློབ་ཕྲུག་ཡོངས་ནས་སློབ་གྲྭའི་ཁོར་ཡུག་ནང་བོད་སྐད་གཙང་མ་སྐྱོན་རྒྱུ་དང་། སྐད་ཡིག་བསྲེས་ལྷད་མེད་པ་དགོས་རྒྱུར་དམ་དོན་གནང་དགོས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་སྔ་རྗེས་ནང་ཕ་སྐད་གཙང་མ་བཀོལ་སྤྱོད་དགོས་པའི་གཞུང་འབྲེལ་གྲོས་ཆོད་ཀྱང་སྣོལ་འཇོག་གནང་ཡོད་ལ། དེ་བཞིན་འཛིན་སྐྱོང་ནས་ཕྱི་ལོ་ ༢༠༢༦ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་བརྩི་སྲུང་ཞུ་རྒྱུས་མཚོན་བོད་མི་ཁྱོན་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་ལ་ཚང་མས་འབད་བརྩོན་གནང་དགོས་པའི་དུས་ལ་བབས་ཡོད་པ་སླར་ཡང་ནན་སྐུལ་ཞུ་རྒྱུ་ཡིན།

རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་ནས་བཟུང་ད་བར་བོད་ཀྱི་ཐུན་མོང་མ་ཡིན་པོའི་ཆོས་དང་། རིག་གཞུང་གོང་སྤེལ། མི་རིགས་གསོ་སྐྱོང་སོགས་གང་ཅིར་མཐུན་རྐྱེན་གནང་མཁན་རྒྱ་གར་གཞུང་མང་གཉིས་དང། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། ལྷག་པར་བོད་ཕྲུག་ཁྱིམ་སྡེར་ལོ་ངོ་དྲུག་བཅུ་ལྷག་རིང་ལྷག་བསམ་རྣམ་བདག་གི་མཐུན་འགྱུར་གནང་མཁན་སྦྱིན་བདག་འདས་སོན་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

The post བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་། appeared first on བོད་ཀྱི་དུས་བབ།.

Original Article