བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ པའི་ཐོག་བཀའ་ཤག་གི་གསུང་བཤད།

3 hours ago

༄༅། །བཙན་བྱོལ་ནང་བོད་མིའི་མང་གཙོའི་ལམ་བཟང་སྲོལ་བཏོད་དེ་མི་ལོ་ ༦༦ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་འདིའི་ཐོག །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྟེང་ནས་གཤམ་དུ་མང་གཙོའི་ལམ་ལུགས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྐུལ་འདེད་མཛད་ཅིང་། མགོན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་མི་རབས་རྒན་པ་ཚོར་བཀའ་དྲིན་ཚོར་ཤེས་དང་ཆབས་ཅིག དུས་ཆེན་མཛད་སྒོར་མཉམ་ཞུགས་བྱེད་མཁན་སྐུ་མགྲོན་རྣམ་པ་དང་། སེར་སྐྱ་མང་ཚོགས་བཅས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

མི་ལོ་ ༦༦ གོང་། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་། གང་གི་ཕེབས་རྗེས་སྙེགས་མཁན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་གཅིག་ཀྱང་མ་འགོར་བར། གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་ཕུང་པོ་གཅིག་ཏུ་བསྒྲིལ་ཏེ། མང་ཚོགས་ནས་རང་ཁོངས་ཆོལ་ཁ་ཆོས་ལུགས་ཀྱི་སྐུ་ཚབ་འདེམས་གཏོང་དགོས་པའི་བཀའ་སློབ་བསྩལ་དོན་བཞིན། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༦༡ དང་། ༡༩༦༣ ལོ་སོ་སོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་བསྡུས་དང་། བོད་ཀྱི་རྩ་ཁྲིམས་ཁྱབ་བསྒྲགས་གནང་བ་མ་ཟད། རིམ་པས་གཞུང་གི་སྒྲིག་འཛུགས་དང་། ལས་ཀྱི་སྣེ་མོ་བ་བསྐོ་གཞག་འཕོ་ལེན་བཅས་པར་ལེགས་བཅོས་དང་། ཟླ་དྲུག་ལས་བསྡོམས་ཚོགས་ཆེན་དང་། ལོ་འཁོར་ལས་བསྡོམས་ཚོགས་ཆེན་བརྒྱུད། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་མང་གཙོའི་ལམ་ལུགས་ཐོག་སྣེ་ཁྲིད་མཛད་ཅིང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་མང་གཙོའི་ཀ་བ་གསུམ་དང་། རང་དབང་ལྡན་པའི་སྡེ་ཚན་གསུམ་བཅས་མང་གཙོའི་ཆ་ལག་ཡོངས་སུ་གྲུབ་པར་བགྱིས་ཤིང་། ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དང་། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་མཛད་དེ། བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག །སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་བཀོད་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༢༠༡༡ བར་བཙན་བྱོལ་བོད་མི་རྣམས་གོམ་པ་རིམ་བརྒྱུད་ཀྱིས་མང་གཙོའི་ལམ་ལུགས་སུ་སྣེ་ཁྲིད་མཛད་པའི་དམིགས་དོན་ནི། དུས་རབས་དང་མཐུན་པའི་སྒྱུར་བཅོས་ཙམ་ཞིག་མ་ཡིན་པར། མི་མང་རང་གིས་འོས་འདེམས་བྱས་པའི་སྐུ་ཚབ་བརྒྱུད་ནས་འཛིན་སྐྱོང་བྱེད་པའི་ཚད་ལྡན་གྱི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་དང་། མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཚང་བའི་སྒོ་ནས་སྒྲིག་འཛུགས་ཀྱི་ལས་དོན་རྣམས་ཕྱི་གསལ་ནང་གསལ་དང་འགན་ཁུར་ཐུབ་པ། མ་འོངས་པའི་གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་དོན་བདེན་མཐའ་མ་གསལ་བར་དུ་རང་ཚུགས་ཐུབ་པའི་ངང་བརྟན་གནས་ཐུབ་པའི་ཆེད་དུ་ཡིན།

འཛམ་གླིང་སྟེང་བཙན་བྱོལ་བའི་སྤྱི་ཚོགས་ཇི་སྙེད་ཅིག་ཡོད་ནའང་། མང་གཙོའི་སྒྲོམ་གཞི་ཆ་ཚང་བ་ཡོད་པའི་སྒྲིག་འཛུགས་ནི་བོད་མིའི་སྒྲིག་འཛུགས་འདི་ཁོ་ན་ཡིན་ལ། བཙན་བྱོལ་གྱི་གནས་སྟངས་འོག་ཏུའང་། མི་མང་གི་མངོན་འདོད་དང་མཐུན་པར་ཁྲིམས་ཀྱིས་དབང་བསྒྱུར་གྱི་ལམ་ནས་སྤྱི་ཚོགས་འཛིན་སྐྱོང་འཐུས་སྒོ་ཚང་བའི་སྒོ་ནས་བྱེད་ཐུབ་པ་འདི་ནི་རྒྱལ་སྤྱིའི་ཐོག་མིག་དཔེེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད།

མང་གཙོའི་ལམ་སྲོལ་གྱི་སྲོག་ཤིང་ནི། ཁྲིམས་ཀྱིས་དབང་བསྒྱུར་འོག་སྒྲིག་འཛུགས་དབར་འགན་དབང་དབྱེ་བགོས་ལག་བསྟར་ཚུལ་མཐུན་བྱ་རྒྱུ་དེ་ཡིན་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་དེར་གསལ་མི་མང་གི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་དང། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་བཟོ་དང་འཛིན་སྐྱོང་ལ་སྟངས་འཛིན། བཀའ་ཤག་ནས་ཆབ་སྲིད་དང་འཛིན་སྐྱོང་ལ་འགན་ཁུར་བཅས་རང་འཁྲིའི་ལས་འགན་སྒྲུབ་དགོས་པའི་ཐོག །འདས་པའི་ལོ་ངོ་དེ་སོང་གི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ། བཅའ་ཁྲིམས་ཀྱིས་བསྐུར་བའི་རང་རང་སོ་སོའི་འགན་དབང་གི་ས་མཚམས་གསལ་པོ་བཟུང་སྟེ། ནང་ཁུལ་རྩོད་རྙོག་མེད་པ་དང་། ལས་དོན་ཚགས་ཚུད་ཡོང་བ། སྒྲིག་འཛུགས་ཀྱི་ནུས་པ་གོང་སྤེལ་གཏོང་རྒྱུའི་ཁ་ཕྱོགས་སུ་བསྐྱོད་ཐུབ་ཐབས་སུ། འགན་འཁུར་མཁན་ཡོངས་ནས་ཁྲིམས་སྒྲིག་གི་དགོངས་དོན་ཐོག་ནུས་པ་མཉམ་སྤུངས་བྱེད་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན།

དེང་སང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་འཐབ་རྩོད་མངོན་གསལ་དོད་ཤོས་ཤིག་ནི། རང་དབང་མང་གཙོའི་ལམ་ལུགས་དང་སྲིད་དབང་སྒེར་གཅོད་ལམ་ལུགས་དབར་གྱི་དཀའ་རྙོག་དེ་ཡིན་པ་ཀུན་གྱིས་མཐོང་ཆོས་ལྟར། རྒྱ་དམར་གཞུང་གིས་གཙོས་པའི་སྒེར་གཅོད་རྒྱལ་ཁབ་ཁག་ངན་པ་ཁ་མཐུན་གྱིས། བྱེད་ཐབས་སྣ་ཚོགས་བརྒྱུད་སྒེར་གཅོད་ཀྱི་ལྟ་གྲུབ་དང་། ལམ་ལུགས་ཁྱབ་སྤེལ་བྱས་ཏེ། མང་གཙོའི་རྒྱལ་ཁབ་ཁག་ལ་ཁ་གཏད་དང་འགྲན་རྩོད་བྱེད་བཞིན་ཡོད། ང་ཚོའི་བོད་དོན་འཐབ་རྩོད་ཀྱང་གོ་ལ་ཧྲིལ་པོའི་རང་དབང་དང་སྒེར་གཅོད་དབར་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་སྟབས། ང་ཚོས་མང་གཙོ་ཚད་ལྡན་ཞིག་ལག་བསྟར་ཐུབ་པ་བྱ་རྒྱུ་ནི། སྲིད་དབང་སྒེར་གཅོད་ལམ་ལུགས་ལ་གདོང་ལེན་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན།

འདས་པའི་མི་ལོ་ ༦༦ ལ་ཕྱིར་ལྟ་བྱེད་སྐབས། ང་ཚོར་ངེས་ཤེས་རྙེད་པའི་ཉམས་མྱོང་ཞིག་ནི། ཕ་རོལ་པོའི་མ་རུང་བའི་བསམ་སྦྱོར་ལ་ཁ་གཏད་དང་། སྤྱི་ཚོགས་སྐྱོན་བྲལ་ངང་ཡར་རྒྱས་འགྲོ་བའི་རྨང་གཞི་གཙོ་བོ་ཞིག་ནི། མང་གཙོའི་ལྟ་གྲུབ་ལ་མོས་གུས་དང་། མང་གཙོ་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་མང་གཙོ་ནི་མི་མང་གིས་དབང་སྒྱུར་བྱེད་པ་ཁོ་ན་མིན་པར། མི་མང་གི་སྐུ་ཚབ་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཀྱིས་དབང་སྒྱུར་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས་དང་། ང་ཚོ་མི་རེ་ངོ་རེར་བཅའ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་གཞི་རྩའི་ཐོབ་ཐང་ཡོད་པ་དང་མཉམ་དུ། སྤྱི་ཚོགས་ཀྱི་བདེ་འཇགས་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཡང་ཡོད་པ་དེ་ངེས་པར་དུ་གོ་རྟོགས་ཡོད་དགོས།

མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཡོང་རྒྱུ་ནི་ཆོས་ཉིད་ཡིན་ལ། དེང་སང་སྤྱི་ཚོགས་དྲ་རྒྱའི་དུས་རབས་འདིར། རང་དབང་བེད་སྤྱོད་ལོག་པར་བཏང་སྟེ། ཁ་གཏད་གཅོག་ཡུལ་ངོ་མ་དེ་ཟུར་དུ་བཞག་ནས། ང་ཚོའི་སྤྱི་ཚོགས་ནང་ཁུལ་དུ་ཕར་ཚུར་དམའ་འབེབས་དང། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར། དཀྲོག་གཏམ་དཀྲུགས་ཤིང་འགྲེམས་སྒྲོགས་རྒྱུན་མཐུད་ཡོང་བཞིན་ཡོད་པའི་ཁོངས། རྒྱ་དམར་གཞུང་གི་དངུལ་དངོས་ཀྱི་ཁེ་ཕན་རྗེས་འབྲངས་བྱེད་མཁན་དེ་ཚོར་གདོང་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ལས་གདམ་ག་གཞན་མེད་ལ། །དེ་མིན་ང་ཚོ་ནང་ཁུལ་ནས་ལས་གཞི་གང་ཞིག་སྤེལ་སྐབས་དང་། སྐད་ཆ་གང་ཞིག་ཤོད་སྐབས། གཞིས་ལུས་མི་མང་སེམས་ཤུགས་ཆགས་གཞི་དང་། ཕར་ཕྱོགས་ཁ་གཏད་ཀྱི་གྲོགས་སུ་འགྱུར་གཞིའི་དགྲ་དགའ་གཉེན་སྡུག་ཇི་ཆགས་ངེས་པར་དུ་བསམ་བློ་གཏོང་ཐུབ་དགོས།

འཛམ་གླིང་སྤྱི་དང་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་བྱུང་རིམ་དུ། ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱུང་ན་རྒྱལ་ཁ་ཐོབ་ཀྱི་ཡོད་པ་དང་། དེ་མིན་ནང་ཁུལ་གྱི་རྙོག་དྲ་ནང་དུ་ཐིམ་ནས། ཕ་རོལ་པོར་ཁ་གཏད་གཅོག་པའི་ནུས་པ་ཉམས་དམས་སུ་སོང་ན་ཕམ་ཁ་འབྱུང་རྒྱུ་ལས་མེད་པས། ང་ཚོ་བོད་མི་ཚོས་དེ་ལས་བསླབ་བྱ་བླངས་ཏེ། ང་ཚོའི་བོད་དོན་འཐབ་རྩོད་ཀྱི་ནུས་སྟོབས་ཉམས་དམས་དང་། ནང་ཁུལ་གྱི་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་རིགས་ལ་གདོང་ལེན་བྱ་རྒྱུར་བོད་མི་ཚང་མས་སྤྱང་གྲུང་དོད་པོ་དང་། རྣམ་དཔྱོད་རྩལ་སྤྲུགས་བྱེད་དགོས།

ཉེ་བའི་བདུན་ཕྲག་ཁ་ཤས་རིང་། སྐབས་ ༡༧ པའི་བཀའ་ཤག་ལྷན་ཚོགས་རིམ་བསྟུད་དུ་ཚོགས་ཏེ། འཛིན་སྐྱོང་གི་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་དང་། བཀའ་ཤག་སྐབས་འདིའི་ལས་རྒྱུན་རིང་འཛིན་སྐྱོང་བཀའ་ཤག་གི་སྤྱི་ཡོངས་དང་། ཆབ་སྲིད། སྤྱི་ཚོགས་བདེ་དོན། འཛིན་སྐྱོང་བཅས་ཀྱི་ལངས་ཕྱོགས་དང་། ལས་དོན་བྱེད་སྒོ་བཅས་ཀྱི་ཡིག་ཆར་བཀའ་བསྡུར་ཞིབ་ལྷུག་བྱས་ཏེ་གཏན་འབེབས་ཟིན་ཡོད་པས། འཛིན་སྐྱོང་གི་ལས་ཀྱི་སྣེ་མོ་རྣམས་བསམ་ཕྱོགས་དང་ལས་དོན་ལག་བསྟར་བྱེད་ཕྱོགས་གཅིག་གྱུར་ཡོང་ཆེད། རིམ་བཞིན་ལས་བྱེད་དང་མང་ཚོགས་ལ་འགྲེལ་བཤད་བྱ་རྒྱུ་ཡིན།

རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་ད་བར་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་རྒྱུན་མཐུད་སྤེལ་ཡོད་པ་དང་། ལྷག་པར་ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་གོང་ནས་ཇེ་སྡུག་ཇེ་ཐུར་སོང་བའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྙན་ཐོ་རིམ་པར་བཏོན་ཏེ་རྒྱལ་སྤྱིའི་ཁྲིམས་དང་མ་མཐུན་པའི་ཁུངས་སྐྱེལ་བྱས་ཡོད་པ་ལྟར། ང་ཚོའི་ངོས་ནས་དེར་དགག་པ་དང་ངོ་རྒོལ་ཡོད་ཅེས་འབོད་ཚིག་བསྒྲགས་པ་ཙམ་གྱིས་མི་འདང་བར། རྒྱ་དམར་གཞུང་གི་ངན་བྱུས་རྣམས་རྒྱུས་ལོན་ཡོད་པའི་ཐོག་ནས་ཐེར་འདོན་དང་གདོང་ལེན་བྱེད་དགོས་པ་ཡིན་པས། བོད་མིའི་སྒྲིག་འཛུགས་ནས་གདོང་ལེན་བྱེད་སྒོ་ཁག་ལ་མང་ཚོགས་ནས་ཀྱང་མཉམ་རུབ་དགོས་གལ།

རྒྱ་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱས་པ་དེར་ཚད་ལྡན་གྱི་གདོང་ལེན་ཡོང་ཆེད། དེའི་ནང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་དང་། ལོ་རྒྱུས་དང་མི་རིགས་ཀྱི་ངོ་རྟགས་རྫུན་བཟོ། སྤྱི་ཚོགས་གཞི་རིམ་གྲོང་གསེབ་བར་དུ་ལུགས་བསྒྱུར་སྲོལ་བརྗེ། བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར། མི་རིགས་འདྲེས་སྡོད་དང་མཉམ་བསྲེས་ལ་ཤུགས་སྣོན། འཕྲུལ་རིག་གི་ལྟ་སྲུང་། ཆབ་སྲིད་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནོན་ཤུགས། བོད་རིགས་ལས་བྱེད་པར་ཆབ་སྲིད་ཞིབ་བཤེར། རང་སྐྱོང་གི་ཐོབ་ཐང་བརྩི་མེད་དང་། རྒྱ་ནག་གི་ས་མཚམས་ལས་བརྒལ་ཏེ་ཚོགས་སྒེར་སུ་རུང་ཁྲིམས་ཡིག་དེའི་ཁྱབ་ཚད་འོག་བཙན་འཇུག་བྱ་འཆར་སོགས་ཀྱི་ངན་གཡོའི་བསམ་སྦྱོར་རྣམས་བཀའ་ཤག་གི་གཏམ་བཤད་ཁག་ཅིག་ཏུ་འགྲེལ་བཤད་བྱས་ཡོད་པ་དང་། ད་དུང་གལ་ནན་དུ་བརྩིས་ཏེ་བརྙན་ཐུང་གི་ལམ་ནས་ངོ་སྤྲོད་བྱེད་འཆར་ཡིན།

རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་དམིགས་གཏད་གཙོ་བོར་བོད་ཀྱི་ཆོས་རིག་དང་སྐད་ཡིག་རྩ་མེད་གཏོང་རྩིས་ཡིན་པ་ལྟར། ང་ཚོ་གཞིས་བྱེས་གཉིས་ནས་སྒེར་སོ་སོའི་ཁྱིམ་ཚང་ནང་བོད་སྐད་ཤོད་པ་དང་། བོད་ཡིག་ཀློག་འདོན། བོད་བརྒྱུད་ནང་བསྟན་གྱི་བྱམས་བརྩེའི་བསླབ་བྱ་ངོ་སྤྲོད་དང་། རྒྱུན་ལྡན་ཆོ་ག་ལག་ལེན། སྲོལ་རྒྱུན་དུས་སྟོན་བརྩི་སྲུང་དང་། ཆས་གོས་དང་སྒྱུ་རྩལ་ལ་གོམས་འདྲིས་བསྟེན་ཐབས་ཐོག །དེར་མཐུན་གྱི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ནི་གཞན་གྱི་གནོན་ཤུགས་ཀྱིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་མིན་པས། ཕ་མ་སོ་སོས་ཕྲུ་གུའི་དགེ་རྒན་དང་པོ་རང་ཉིད་ཡིན་པའི་འགན་ཁུར་ལེན་ཐུབ་དགོས།

ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཤེས་རྟོགས་བྱུང་བ་ ༡༥༧ དང་། བཙན་བྱོལ་ནང་ཉེ་ལམ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཚུད་པའི་བོད་མི་ ༡༡ ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། བོད་ནང་ྋཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་གིས་གཙོས་པའི་ཆབ་སྲིད་བཙོན་པ་བརྒྱ་ཕྲག་དུ་མ་བཙོན་འོག་ཏུ་བཅུག་ཡོད་པ་མ་ཟད། ཁོར་ཡུག་དང་། སྐད་ཡིག །རིག་གཞུང་ལ་སོགས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་རིགས་ལ་བཀག་བསྐྱིལ་དང་། འདྲི་གཅོད། རྒྱུ་དངོས་གཞུང་བཞེས་སོགས་བརྙས་བསུན་སྣ་ཚོགས་བཟོས་དང་བཟོ་བཞིན་པ་ནི། རྒྱ་དམར་གཞུང་གིས་འགྲོ་བ་མིའི་བཟང་སྤྱོད་དང་། ལྷན་སྐྱེས་ཀྱི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛེམས་ཟོན་གཏན་ནས་བྱེད་ཀྱི་མེད་པའི་དཔང་རྟགས་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ལས་བྱུང་ཞིང་། ད་དུང་རྒྱུན་སྐྱོང་བྱེད་བཞིན་པའི་བོད་མིའི་མང་གཙོའི་ལམ་བཟང་འདི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཡུན་གནས་དང་། བོད་དོན་འཐབ་རྩོད་རྒྱུན་སྲིང་གི་རྩིག་རྨང་གལ་ཆེན་ཞིག་ཡིན་པས། མང་གཙོའི་ལམ་སྲོལ་འདིར་དགའ་མོས་དང་། གཅེས་སྤྲས་བྱས་པའི་ཐོག་ནས། འཐུས་ཚང་དང་ཡར་རྒྱས་ཡོང་ཐབས་ལ་གདུང་ཤུགས་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།

མཐའ་དོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་བདེ་སྐྱིད་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢ ཉིན། །

Original Article