མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས།

2 hours ago

རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས་བྱས་ཏེ། དར་ལག་རྫོང་གི་འབྲོག་པ་མང་ཚོགས་ཀྱི་ཕྱུགས་སྐྱོང་འཚོ་བར་ཚོད་འཛིན་བྱ་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས་རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་སྲུང་སྐྱོབ་ཟེར་བའི་མིང་འོག་ནས་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ཐོག་ཏུ། མཉམ་ལས་ཁང་ཞིག་གསར་འཛུགས་བྱས་ཏེ་རྩ་ཐང་དུ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་རྒྱུ་མཚམས་འཇོག་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྩ་ཐང་དུ་ཕྱུགས་འཚོ་མི་ཆོག་པའི་སྲིད་ཇུས་དེ་ནི་དར་ལག་རྫོང་ཁོངས་ཀྱི་འབྲོག་པའི་ཁྱིམ་ཚང་ ༣༣༠༠༠ ལྷག་གི་འཚོ་བར་འབྲེལ་བ་ཡོད་ཅིང་། ལྷག་པར་དུ་མགོ་ལོག་ལ་བོད་མི་ ༢༡༥༦༠༠ ལྷག་ཡོད་པ་ལས་མང་ཤོས་ཀྱིས་གནའ་ནས་ད་བར་རྟ་ནོར་ལུག་གསུམ་ལ་བརྟེན་ནས་འཚོ་བར་རོལ་བསྡད་ཡོད་སྟབས། མགོ་ལོག་ཁུལ་གྱི་མི་མང་གིས་སོ་སོའི་རྩ་ཐང་དུ་ཕྱུགས་འཚོ་མི་ཆོག་པ་དེས་ཐད་ཀར་ཁོང་ཚོའི་འཚོ་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།

ས་གནས་བོད་མི་ཞིག་གིས། ང་ཚོར་རང་གི་རྩ་ཐང་དུ་ནོར་ཕྱུགས་འཚོ་མ་བཅུག་ཚེ། ང་ཚོས་འཚོ་བ་ཇི་ལྟར་རོལ་དགོས་སམ། ཞེས་བརྗོད་འདུག་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་དར་ལག་རྫོང་གཙོ་བྱས་པའི་མགོ་ལོག་ཁུལ་གྱི་རྩ་ཐང་དུ་ཕྱུགས་འཚོ་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་འདི་ནི། རྩྭ་ཐང་བྱེ་འགྱུར་ལ་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ། རྩ་ཕྱུགས་དོ་མཉམ་བཅས་ལ་ཁ་གཡར་ནས་ལག་བསྟར་བྱེད་བཞིན་འདུག

ཡང་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་གསར་འཛུགས་བྱེད་བཞིན་པ་དང་འབྲེལ་ནས། ཉེ་ལམ་ཕྱི་ཟླ་ ༡༠ བའི་ཟླ་མགོར་དར་ལག་རྫོང་མི་དམངས་སྲིད་གཞུང་གིས་དར་ལག་རྫོང་ཁོངས་སུ་ཡོད་པའི་ཉི་འོད་ཁྱིམ་སྡེའི་བོད་མིའི་སྡོད་ཁང་ ༨ དང་ར་སྐོར་ཆེན་པོ་གསུམ་བཅས་གཏོར་བཤིག་བཏང་བའི་གནས་ཚུལ་བྱུང་ཡོད།

ས་ཁུལ་དེ་ནི་གནའ་ནས་ད་བར་བོད་མི་འཚོ་སྡོད་བྱེད་ས་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་མིའི་ཁྱིམ་ཚང་དེ་དག་ལ་ཡིག་ཆ་ཚད་ལྡན་མེད་པ་དང་གཞུང་གི་ས་ཆར་བདག་བཟུང་བྱས་པའི་སྙོན་འཛུགས་བྱས་ཏེ་གཏོར་བཤིག་བཏང་ཡོད་པ་དང་།  རྒྱ་ནག་གིས་ས་ཁུལ་དེ་དག་ས་གནས་སྲིད་གཞུང་གི་གསོག་འཇོག་ས་ཆ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས། appeared first on བོད་ཀྱི་དུས་བབ།.

Original Article