མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས།

2 hours ago

༧སྐུའི་ཡང་སྲིད་ལ་རྒྱ་ནག་གིས་ཐེ་བྱུས་མི་ཆོག་པ་སོགས་གྲོས་ཆོད་ལྔ་སྤྱི་མོས་གཏན་འབེབས་ཀྱིས། མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་མཇུག་སྒྲིལ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༡ ནས་ཟླ་ ༩ ཚེས་ ༢ བར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་དྷོ་ལ་དྷར་ཧའེ་ཊི་གསོལ་མགྲོན་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་ཀྱིས་མཉམ་འབྲེལ་གོ་སྒྲིག་འོག ཨ་རི་དང་ཡུ་རོབ། ཐའེ་ཝན་སོགས་རྒྱལ་ཁབ་བཅུ་ནས་རྒྱ་རིགས་མཁས་པས་གཙོས་པའི་ཆེད་ལས་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་མི་གྲངས་ ༣༠ ཙམ་ལྷན་འཛོམས་ཀྱིས། ཉིན་གྲངས་གསུམ་རིང་གི་ ༼མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས༽ ཞེས་པའི་ཚོགས་འདུ་ཞིག་ཚོགས་གནང་སོང་ཞིང་། ཚོགས་འདུའི་ཐོག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་མ་འོངས་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་སྟེ། བོད་རྒྱ་མི་མང་དབར་གྱི་ཡིད་ཆེས་དང་ཡུན་གནས་ཐུབ་པའི་མཛའ་མཐུན་གྱི་འབྲེལ་བ་གོང་མཐོར་གཏོང་རྒྱུ་དང་། རྒྱ་ནག་ནང་མང་གཙོ་དར་སྤེལ་དང་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐབས་བཅས་ཀྱི་ཆེད་དུ་གཅིག་མཐུན་གྱི་ལྟ་བ་དང་མཐུན་རྐྱེན་སྐྲུན་རྒྱུར་བཀའ་བསྡུར་གཏིང་ཟབ་གནང་ཡོད། དེ་དང་སྦྲགས་ཚོགས་འདུའི་ཐོག་ནས། ༡) ༧སྐུའི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་མཐའ་གཅིག་ཏུ་དགག་བྱ་བྱ་རྒྱུ། ༢) བོད་གཙོས་རྒྱའི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་ངོ་བོ་དང་ཐུན་མིན་ཁྱད་ཆོས་རྩ་མེད་གཏོང་བའི་རྒྱ་ནག་གི་ མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དེ་འཕྲལ་དུ་ཕྱིར་འཐེན་དགོས་པ། ༣) འབྲེལ་ཡོད་དཀའ་རྙོག་ཁག་ཞི་མོལ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་སེལ་ཐབས་བྱ་རྒྱུ་དང་། འཚེ་མེད་ཞི་བ་དེ་ཐུན་མོང་གིས་བརྩི་སྲུང་དགོས་པའི་གཞི་རྩའི་ལྟ་གྲུབ་ཏུ་འཛིན་རྒྱུ། ༤) ཐུན་མོང་ནས་མ་འོངས་མང་གཙོའི་ཕུགས་བསམ་སྐྲུན་ཐབས་བྱ་རྒྱུ། ༥) བོད་ཀྱི་མང་གཙོ་དང་། ལོ་རྒྱུས། བོད་རྒྱའི་འབྲེལ་འདྲིས། དབུ་མའི་ལམ་བཅས་ཀྱི་སྐོར་ལ་གོ་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཀྱིས་གཏན་འབེབས་གནང་སྟེ། ཚོགས་འདུ་མཇུག་སྒྲིལ་གནང་སོང་། །
Watch on YouTube