མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དབུ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༡ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་དྷོ་ལ་དྷར་ Dhauladhar Heights Resort ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱི་གོ་སྒྲིག་འོག་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དབུ་འཛུགས་གནང་ཡོད། གླེང་སྟེགས་དེའི་ཐོག་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། བོད་དང་འབྲེལ་བའི་སྲིད་བྱུས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་འབྱེད་མཛད་སྒོ་དབུ་འཛུགས་གནང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་གནང་ཡོད་པ་དང་། གཞན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་། བྱང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨོསྟྲེ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། དེ་བཞིན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ཤེས་ཡོན་ཅན་དང་། ལས་འགུལ་འགོ་ཁྲིད་པ། མང་གཙོའི་སྤྱི་ཚོགས་ཀྱི་ལས་འགུལ་བ་དང་ཆེད་ལས་མི་སྣ་སོགས་ཁྱོན་ཚོགས་ཞུགས་པ་ ༢༨ ཙམ་ལྷན་འཛོམས་གནང་ཡོད།
དང་ཐོག་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་རང་བཞིན་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༡ ནས་ཟླ་བ་ ༠༩ ཚེས་ ༢ བར་ཚོགས་རྒྱུ་ཡིན་པ་བཅས།།




